རིག་སྨོན་བསམ་གཏན་རྒྱ་མཚོའི་ཡིག་གཟུགས་འགྲེམ་སྟོན་གྱི་ལམ་བུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 7 ཚེས 3 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »རིག་སྨོན་བསམ་གཏན་རྒྱ་མཚོའི་ཡིག་གཟུགས་འགྲེམ་སྟོན་གྱི་ལམ་བུ།
རིག་སྨོན་བསམ་གཏན་རྒྱ་མཚོའི་ཡིག་གཟུགས་འགྲེམ་སྟོན་གྱི་ལམ་བུ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-09-11ལྟ་ཀློག (6891)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅། ། བོད་ཀྱི་ཡིག་མཁན་རིག་སྨོན་བསམ་གཏན་རྒྱ་མཚོ་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།

 བོད་ཀྱི་ཡི་གེ་པ་རིག་སྨོན་བསམ་གཏན་རྒྱ་མཚོ་ལགས་ནི།   སྤྱི་ལོ༡༩༧༧ལོའི་ཟླ༡༡ཚེས༢༣ཉིན།  བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གཞོངས་སྐྱིད་ཉིན་ལུང་དཔོན་ཚང་དུ་སྐྱེས།  ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་རིམ་པར་འགྲིམས་ཤིང་རང་ལོ་བཅོ་ལྔའི་སྟེང་ནས་བཟུང་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་འབྲི་རྩལ་ལ་འབད་བརྩོན་རྒྱ་ཆེར་བསྟེན། སྤྱི་ལོ༡༩༩༦ལོར༼སྦྲང་ཆར༽རྩོམ་སྒྲིག་ཁང་གི་སྐབས་གཉིས་པའི༼ཐོན་མིའི་མཛུབ་རིས་༽མིང་ཅན་གྱི་ཡིག་གཟུགས་བྱ་དགའ་ཐོབ། སྤྱི་ལོ་༡༩༩༧ལོར་མདོ་སྨད་བྱང་རྒྱུད་ཀྱི་ཆོས་གྲྭ་ཆེན་མོ་དཔལ་མི་འགྱུར་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་དུ་རབ་ཏུ་བྱུང་སྟེ་དགེ་བའི་བཤེས་གཉེན་མང་པོའི་མདུན་སར་བོད་ཀྱི་ཆོས་རིག་སྣ་ཚོགས་ལ་སྦྱངས་བརྩོན་ནན་མོ་བྱས་ཤིང་། སྒོས་སུ་གདན་ས་འདི་གའི་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་བྱང་ཆུབ་ཚང་གི་མདུན་ནས་རྗེ་ཞྭ་དམར་པཎྜིཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་ནས་བརྒྱུད་པའི་དྷཱིཿཚའི་བྲིས་རྒྱུན་ཆ་ཚང་ཐོབ། སྤྱི་ལོ་༢༠༠༤ལོར་༼མི་ཡུལ་གྱི་ཟིན་ཐོ།༽ཞེས་པའི་ཁོའི་སྙན་ངག་རྩོམ་བཏུས་དང་། སྤྱི་ལོ་༢༠༠༦ལོར་༼སྨྱུག་རིས་ཐོན་མིའི་ཕྱག་རྒྱུན།༽ཞེས་པའི་ཡིག་གཟུགས་དཔེ་དེབ་གཉིས་རིམ་པར་དཔེ་བསྐྲུན་འགྲེམ་སྤེལ་བྱས་ཤིང་བོད་ཀྱི་སྤྱི་ཚོགས་སྟེང་དུ་དགའ་བསུ་ཆེན་པོ་ཐོབ།   

   སྤྱི་ལོ་༡༩༩༩ལོ་ནས་བཟུང་མདོ་སྨད་དྷཱིཿཚ་དགོན་ཆེན་ཆོས་རིག་རིན་ཆེན་སློབ་གླིང་གི་དགེ་རྒན་གྱི་འགན་བཞེས། སྤྱི་ལོ་༢༠༠༣ལོར་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མིར་བདམས། སྤྱི་ལོ་༢༠༡༣ལོ་ནས་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་འབུམ་རྙིང་དགོན་ཤེས་རིག་སློབ་གླིང་དང་། མགོ་ལོག་རྨ་སྟོད་རྫོང་རྨ་ཡུལ་ཀུན་ཕན་སློབ་གླིང་། མགོ་ལོག་རྨ་ཆེན་རྫོང་གངས་རི་བོད་ཡིག་སློབ་གྲྭ། རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་གཉིས་པ།  རྨ་ཆེན་རྫོང་རྩྭ་ཐང་བུ་མོའི་སློབ་གྲྭ་བཅས་ཀྱི་ཆེད་ཞུའི་དགེ་རྒན་དང་།  མདོ་སྨད་དྷཱིཿཚ་དགོན་ཆེན་བོད་ཀྱི་རིག་གཞུང་ཆེད་གཉེར་ཟབ་སྦྱོང་འཛིན་གྲྭའི་རྐང་འཛིན་དགེ་རྒན་བཅས་ཀྱི་ལས་འགན་གཅིག་ལྕོགས་སུ་བཞེས། ལོ་དེའི་ཟླ་༥པར་ཁོའི་བརྩམས་ཆོས་དེབ་གསུམ་པ་༼དཔལ་ལྡན་ཐོན་མིའི་སྨྱུག་ཚོམས།༽ཞེས་པ་དཔར་གྲངས་ལྔ་སྟོང་ལྷག་དཔེ་བསྐྲུན་འགྲེམ་སྤེལ་བྱས་ནས་བོད་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་བཀྲམས། ཟླ་༧པར་མཚོ་སྔོན་བརྙན་འཕྲིན་ཁང་གི༼ཁ་བའི་ཞབས་རྗེས༽ལེ་ཚན་དང་མཚོ་སྔོན་རླུང་འཕྲིན་ལས་ཁུངས་ཀྱི་༼སློབ་རའི་འགྱུར་ཁུགས༽ལེ་ཚན་བཅས་ཀྱི་བཅར་འདྲི་དང་ལེན་བྱས་ཏེ་བོད་ཀྱི་ཡིག་གཟུགས་བྱུང་འཕེལ་སྐོར་གྱི་གཏམ་གླེང་གལ་ཆེན་བྱས།

   སྤྱི་ལོ༢༠༡༥ལོར་གཙང་བཀྲ་ཤིས་ལྷུན་པོའི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་ཁང་བློ་བཟང་རྡོ་རྗེ་ཚང་དང་། པོ་ཏ་ལའི་སྙེ་བྲིས་མཁན་པོ་དགེ་རྒན་འཕྲིན་ལས་རྒྱལ་མཚན་ལགས། ཁམས་ཀྱི་ཡིག་མཁན་ཆེན་མོ་མི་རྣམ་མཆོག་སྤྲུལ་ཚང་། ཨ་མདོའི་སྡེར་ནང་ས་བྲིས་མཁན་པོ་དགེན་ངག་དབང་རྒྱ་མཚོ་ཚང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་། ཀན་སུའུ་ཀླུ་ཆུ་རྫོང་གི་ཡིག་མཁན་ཆེན་མོ་རྒན་རྟ་མགྲིན་མགོན་པོ་བཅས་ཀྱི་མདུན་ནས་གཙང་བྲིས་དང་དབུས་བྲིས། སྙེ་བྲིས། ཁམས་བྲིས། སྡེར་ནང་ས་བྲིས་སོགས་བོད་ཀྱི་ཡིག་གཟུགས་བྲིས་རྒྱུན་ཆེན་པོ་བརྒྱད་ཀྱི་བྲིས་རྒྱུན་ཆ་ཚང་བ་ཐོབ།སྤྱི་ལོ་༢༠༡༦ལོར་མཚོ་སྔོན་ཞིང་ཆེན་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་དང་ལྷ་ས་གྲོང་ཁྱེར་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། པེ་ཅིན་ཡིག་རིས་མཐུན་ཚོགས་ཀྱི་ཚོགས་མི་སོགས་སུ་རིམ་པར་བདམས་ཐོན་བྱུང་།སྤྱི་ལོ་༢༠༡༦ལོའི་ཟླ་༡༠པར་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲན་བསྡུར་ཆེན་མོའི་ཕུལ་བྱུང་བྱ་དགའི་རྟགས་མ་ཐོབ། 

   སྤྱི་ལོ་༢༠༡༧ལོའི་ཟླ་༩པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་༼སྦྲང་ཆར༽རྩོམ་སྒྲུག་ཁང་གིས་བསྡུས་པའི་༼ཐོན་མིའི་མཛུབ་རིས་༽མིང་ཅན་གྱི་ཡིག་གཟུགས་འགྲན་སྡུར་ཐེངས་ལྔ་པའི་སྟེང་བྱ་དགའ་ཨང་གསུམ་པ་ཐོབ། ཟླ་༡༡པར་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ལས་བྱེད་པའི་རིག་གནས་བྱ་འགུལ་ལྟེ་གནས་ཁང་གིས་སྤེལ་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།   སྤྱི་ལོ་༢༠༡༥ལོའི་ཟླ་༤པའི་ཚེས་༨ཉིན། ཤར་གྱི་རྨ་རྒྱལ་སྦོམ་རའི་ཉེ་འདབས་གངས་རི་བོད་ཡིག་བཅའ་སྡོད་སློབ་གྲྭ་ནས་ཁོང་གི་ཡིག་གཟུགས་བརྩམས་ཆོས་ཞལ་ཐང་རིང་མོ་༼བོད་ཀྱི་བྲིས་རྒྱུན་སྣ་ཚོགས་ཀྱི་ཡིག་ཐང་རིང་མོ།༽ཞེས་བྱ་བ་འདི་མི་ཡུལ་འདིར་བཞེངས་སྐྲུན་མཛད་པའི་ཐོག་མའི་རྟེན་འབྲེལ་འགྲིག དུས་དེ་ནས་བཟུང་ཁོང་གིས་ཉིན་དུས་ཀྱི་ཟས་བཅག མཚན་དུས་ཀྱི་གཉིད་བཅག་ནས་ལོ་ངོ་གསུམ་ཙམ་གྱི་རིང་ལ་དཀའ་སྤྱད་ཀྱི་འབྲས་སུ་གཡུར་དུ་སྨིན་པའི་ཡིག་གཟུགས་ཞལ་ཐང་རིང་མོ། རིང་ཚད་ལ་སྨི༣༡༥དང་ཞེང་ལ་སྨི་༡.༣ཅན་འདི་ད་ལྟ་ལེགས་པར་གྲུབ་ཡོད་པ་འདི་ཕྱག་བྲིས་མཛད་པ་ལགས། ཡིག་གཟུགས་ཞལ་ཐང་རིང་མོ་འདིའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ནི་རིང་ཚད་དང་ཞེང་ཚད་ཙམ་གྱི་ཕྱིའི་གཟུགས་དབྱིབས་རྐྱང་བ་ཞིག་མ་ཡིན་དེ། དེ་ནི་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་ཚད་ལྡན་དང་ཁུངས་བཙུན་བཅུ་ཕྲག་ལྷག་གིས་རེ་རེ་བཞིན་འབྲི་གནང་མཛད་པའི་བྲིས་རྒྱུན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་དེ་ནི་གཙོ་བོ་ཡིན། ཞལ་ཐང་འདི་ནི་ང་ཚོ་སྒང་པ་བོད་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ཟིན་ཐོ་ཐོད་བརྒལ་པ་ཞིག་ཡིན་པར་མ་ཟད། མ་འོངས་གངས་རིའི་ལྗོངས་ཀྱི་འོད་འབར་བའི་གཟི་བརྗིད་ཀྱི་ནོར་བུ་རིན་པོ་ཆེ་ཞིག་ཀྱང་ལགས་སོ། །

མཇུག་མཐར་ཡིག་མཁན་ཁོང་གིས་དུས་རྒྱུན་པར་ང་ཚོ་ལ་གསུང་བཤད་གནང་རྒྱུར།  ང་རང་ཉིད་ཀྱིས་དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུ་སོགས་ཕངས་མེད་དུ་བཏང་ནས་འདི་ལྟ་བུའི་ལས་དོན་ཆེན་མོ་ཞིག་ལ་ཆེས་ཆེར་བརྩོན་པའི་དམིགས་ཡུལ་གཙོ་བོ་ནི་རང་ཉིད་ལ་མཚན་སྙན་གྲགས་དང་ཐོབ་གོ་ས། ཚོང་ཁེ་སྤོགས་དང་རྒྱུ་འབྱོར་བ་སོགས་གང་ཞིག་འཐོབ་འདོད་ཙམ་ལ་ཞེན་ནས་བྲིས་པ་ཞིག་གཏན་ནས་མིན་ཏེ།  བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་ཐོག་མར་འཇུག་མཁན་གྱི་བློ་གསར་དོན་གཉེར་དང་ལྡན་པའི་ལས་དང་པོ་བའི་སློབ་བུའི་ཚོགས་ལ་བློ་སྐྱེད་དང་ཤུགས་རྐྱེན་ཏོག་ཙམ་ཞིག་འཐོབ་པར་སྙིང་ནས་རེ་སྟེ་བྲིས་པ་ཡིན།  ཡང་གཅིག་བཤད་ན། བདག་གི་མི་ཚེ་འདིའི་ཕུགས་འདུན་དང་རེ་སྙེག་བྱེད་སའི་ཁ་ཕྱོགས་གཙོ་བོ་དེ་ཡང་བོད་གངས་ཅན་གྱི་གཅེས་ནོར་དུ་ཆགས་པའི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་ལག་ཆ་རུ་བརྟེན་ནས་རི་ཁ་བ་ཅན་གྱི་མི་རབས་ཕྱི་མ་རྣམས་ལ་ཞབས་ཕྱི་དྲོན་མོ་རེ་བསྒྲུབ་རྒྱུ་དེ་ཡིན།  ཞེས་ཡང་ཡང་གསུངས་སོ། །
ཞེས་མགོ་ལོག་གངས་རི་བཅའ་སྡོད་སློབ་གྲྭའི་སློབ་གཙོའི་མིང་ཙམ་འཛིན་པ་དོན་གྲུབ་ནས་སྤྱི་ལོ་༢༠༡༨ལོའི་ཟླ་༤པའི་ཚེས་༢༠ཉིན་མགྱོགས་པར་བྲིས།

ཡིག་མཁན་རིག་སྨོན་བསམ་གཏན་གྱིས་མི་ལོ་གསུམ་གྱི་རིང་ལ་གསར་དུ་འབྲི་བཞེངས་བྱས་པའི༼བོད་ཀྱི་བྲིས་རྒྱུན་སྣ་ཚོགས་ཀྱི་ཡིག་ཐང་རིང་མོ༽༢༠༡༨ལོའི་ཟླ་༣ཚེས༢༥ཉིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་འགྲེམ་སྟོན་སྐབས་དང་པོའི་མཛད་སྒོ་སྤེལ།

༢༠༡༨ལོའི་ཟླ་༤ཚེས༣༠ཉིན་མགོ་ལོག་རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་གཉིས་པ་རུ་བོད་ཀྱི་བྲིས་རྒྱུན་སྣ་ཚོགས་ཀྱི་ཡིག་ཐང་རིང་མོ་འགྲེམ་སྟོན་སྐབས་གཉིས་པ་བྱས།

༢༠༡༨ལོའི་ཟླ་༦ཚེས༢ཉིན་མགོ་ལོག་རྨ་ཆེན་རྫོང་གངས་རི་བཅའ་སྡོད་སློབ་གྲྭ་རུ་བོད་ཀྱི་བྲིས་རྒྱུན་སྣ་ཚོགས་ཀྱི་ཡིག་ཐང་རིང་མོ་འགྲེམ་སྟོན་སྐབས་གསུམ་པ་བྱས།

༢༠༡༨ལོའི་ཟླ་༧ཚེས༣༠ཉིན་མཚོ་ལྷོ་ཁུལ་འབའ་ཡུལ་པོ་ཏ་ལ་རུ་བོད་ཀྱི་བྲིས་རྒྱུན་སྣ་ཚོགས་ཀྱི་ཡིག་ཐང་རིང་མོ་འགྲེམ་སྟོན་སྐབས་བཞི་བ་བྱས།

༢༠༡༨ལོའི་ཟླ་༩ཚེས༤ཉིན་མགོ་ལོག་རྭ་རྒྱ་གྲོང་རྡལ་རྩྭ་ཐང་བུ་མོའི་སློབ་གྲྭ་རུ་བོད་ཀྱི་བྲིས་རྒྱུན་སྣ་ཚོགས་ཀྱི་ཡིག་ཐང་རིང་མོ་འགྲེམ་སྟོན་སྐབས་ལྔ་བ་བྱས།

བོད་ཀྱི་སློབ་གསོ་བ་གྲགས་ཅན་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་སྤྱི་རྒན་འཇིགས་མེད་རྒྱལ་མཚན་མཆོག ༢༠༡༨ལོའི་ཟླ༩ཚེས༦དགོང་མོར་ཆེད་དུ་ཐེངས་འདིའི་ཡིག་གཟུགས་བྲིས་རྒྱུན་སློབ་ཁྲིད་ལ་གཟིགས་ཞིབ་ཏུ་ཕེབས་ནས་ལོ་རྒྱུས་ཀྱི་རྒྱུན་རིང་བའི་བྲིས་རྒྱུན་སྒྱུ་རྩལ་དང་། སྲོལ་རྒྱུན་ཡིག་ཆས། ཁུངས་ལྡན་བྲིས་དཔེ་བཅས་ལ་ཞིབ་གཟིགས་བྱས་རྗེས།  ཐུགས་དགྱེས་ཚོར་ཆེན་པོས་ཡི་རེངས་དང་བསྔགས་བརྗོད་བྱས་པ་ཡིན། ད་རེབ་ཀྱི་སློབ་ཁྲིད་འདིར་དགེ་སློབ་ཉིས་བརྒྱ་ལྷག་གིས་གཉིད་བཅག་ཟས་བརྗེད་ཀྱིས་གུང་གསེང་གི་ངལ་གསོའི་དུས་ཚོད་སོགས་ཀྱང་བེད་སྤྱད་ནས་བྲིས་རྒྱུན་འབྲི་སྦྱོང་ལ་ཧུར་བརྩོན་བྱེད་པའི་རྣམ་པ་འདིས། མེས་པོའི་ཡིག་རྒྱུན་མདོ་དབུས་ཁམས་གསུམ་ལ་དར་བའི་སྨོན་འདུན་དང་རེ་བ་ཡོད།

གསར་འགོད་པ།  སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རིག་སྨོན་བསམ་གཏན་རྒྱ་མཚོའི་ཡིག་གཟུགས་འགྲེམ་སྟོན་གྱི་ལམ་བུ།   སྤེལ་མཁན།: ཚེ་རིང་དབང་ཕྱུག སྤེལ་དུས:2018/9/12
རྒན་ལགས་ཀྱི་ཡིག་གཟུགས་འགྲེམ་ལྟོན་ལ་རྟེན་འབྲེལ་ཞུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
11406000
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།