གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 9 ཚེས 25 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-08-17ལྟ་ཀློག (3452)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཞི་པ་སྤེལ་བའི་གནས་ཚུལ་རགས་བཤད།

     ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་ཕྱི་ལོ་༢༠༡༩ནས་བཟུང་མཐར་ཕྱིན་སློབ་མར་ཆེད་དམིགས་ཀྱིས་ལོ་རེར་རྒྱུན་ཆགས་སུ་བསྒྲུབས་ཀྱིན་པའི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་གྱི་རྩོམ་བསྡུ་དང་དཔྱད་འདེམ་རིམ་པ་ལོ་སྔོན་མ་ཇི་བཞིན་གྱི་གོ་རིམ་བརྒྱུད་ཅིང་། ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཞི་པ་སྤེལ་བའི་བྱ་དགའི་མ་དངུལ་མདའ་བཞིའི་ཡིད་བཞིན་ནོར་བུ་ལགས་ཀྱིས་ལོ་གསུམ་རིང་བསྟུད་མར་སྦྱིན་བདག་མཛད་པ་དང་། ད་ལོར་ཡང་ལྷག་བསམ་གྱི་གཏོང་ཕོད་ཆེན་པོས་མ་དངུལ་ཡོངས་སུ་ཁུར་ཏེ། འདི་ཟླའི་ཕྱི་ཚེས་བཅུའི་ཉིན་སྐབས་བཞི་པའི་གཟེངས་བསྟོད་བྱེད་སྒོ་རྨ་ཡུལ་རྟ་བོའུ་ནས་བསྡུས། འཚོགས་ཐོག་ཏུ་སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་དང་སློབ་གཙོ་གཞོན་པ་སོག་རུའི་འབྲུག་འབུམ་རྒྱལ། སློབ་དོན་པ་སུ་རུག་སྒྲོལ་མ་སྐྱབས་སོགས་དགེ་སློབ་སུམ་ཅུ་ལྷག་ཅིག་མཉམ་ཞུགས་བགྱིས།

      བྱེད་སྒོ་མ་བསྡུས་པའི་སྔོན་ཏེ་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། ན་ནིང་ནས་བཟུང་མཐར་ཕྱིན་འཛིན་གྲྭ་སོ་སོ་ནས་རྩོམ་སྒྲིག་འགན་ལེན་མི་སྣ་རེ་བདམས་ཏེ་གསར་དུ་བསྒྲུབས་པའི་ལྕམ་སྲིང་ལྷུག་རྩོམ་རྩོམ་སྒྲིག་ཚན་ཆུང་གིས་ཚོགས་འདུ་བསྡུས་པ་དང་། སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་དང་སློབ་དོན་པ་སུ་རུག་སྒྲོལ་མ་སྐྱབས། ལྕམ་སྲིང་ལྷུག་རྩོམ་རྩོམ་སྒྲིག་ཚན་ཆུང་གི་ཚོགས་གཙོ་རྩོམ་རིག་རབ་འབྱམས་པ་ཙང་གུའི་ཡིད་བཞིན་སྐྱིད། ཚོགས་གཙོ་གཞོན་པ་ལྷ་སྡེ་རྟ་མགྲིན་མཚོ་དང་། རྩོམ་སྒྲིག་ཁོངས་མི་ལྷ་སྡེ་རྟ་མགྲིན་སྐྱིད་སོགས་ཀྱིས་སོ་སོ་ནས་ལྕམ་སྲིང་ལྷུག་རྩོམ་རྩོམ་སྒྲིག་ཚན་ཆུང་གི་བྱ་བའི་འགན་འཁྲིའི་ཐད་བསམ་ཚུལ་ལྷུག་བརྗོད་གནང་།

 

བྱེད་སྒོའི་མདོ་འཛིན་པ་རྣམ་གཉིས།

     ཆུ་ཚོད་བཅུ་གཅིག་ཟིན་ཙམ་དུ་གཟེངས་བསྟོད་བྱེད་སྒོ་ཚོགས་མགོ་བརྩམས་པ་དང་ཐེངས་འདིའི་མདོ་འཛིན་པ་ནི་མཐར་ཕྱིན་སྐབས་དགུ་པའི་སློབ་གྲོགས་དབང་ཕྱུག་ལྷ་མོ་དང་རྟ་མགྲིན་མཚོ་རྣམ་གཉིས་ཡིན། བྱེད་སྒོའི་གོ་རིམ་དང་པོར་དགེ་སློབ་ཚང་མས་སློབ་གླུ་མཉམ་ལེན་བགྱིས་ཤིང་། བྱེད་སྒོའི་གོ་རིམ་གཉིས་པ་སྟེ་མདོ་འཛིན་པའི་གཏམ་གྱི་འཕྲོར་མཐུད་དུ། བྱེད་སྒོའི་གོ་རིམ་གསུམ་པར་སློབ་གཙོ་རྒན་གཞོན་རྣམ་གཉིས་ནས་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་གྱི་གལ་ཆེན་རང་བཞིན་ལས་འཕྲོས་ཏེ་བུ་མོའི་སློབ་གསོས་ཁྱིམ་ཚང་གི་མདུན་ལྗོངས་དང་མི་རིགས་ཀྱི་མདུན་ལྗོངས། སྤྱི་ཚོགས་ཀྱི་མདུན་ལྗོངས་ལ་ཇི་ལྟར་མིག་རྒྱང་བསྲིང་དགོས་ཚུལ་དང་། ད་ལྟའི་སློབ་གྲྭ་དང་སྤྱི་ཚོགས་ལས་སྒོ་ཁག་གི་ཉམ་ང་ཉག་ཕྲའི་མི་རིགས་སློབ་གསོའི་གནས་བབ་ལ་ཇི་ལྟར་གདོང་གཏད་ཚུལ་དང་གོམ་སྟབས་མདུན་ལ་བསྲིང་ཚུལ་ཐད་དུ་གཏམ་བཤད་བགྱིས།

 

སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

 

སློབ་གཙོ་སོག་རུའི་འབྲུག་འབུམ་རྒྱལ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

     བྱེད་སྒོའི་གོ་རིམ་བཞི་པར་མཐར་ཕྱིན་སྐབས་དང་པོའི་རབ་འབྱམས་པ་ཙང་གུའི་ཡིད་བཞིན་སྐྱིད་ལགས་ཀྱི་བརྩམས་ཆོས་ང་དང་རྩམ་པའི་གཏམ་རྒྱུད།ཅེས་པ་གཡོན་གཞིས་གནས་ཕྱུག་སྐྱིད་ཀྱིས་སྒྲོག་འདོན་བགྱིས་པ་དང་། བརྩམས་ཆོས་ཀྱི་བརྗོད་བྱ་རྒྱ་ཆེ་བ་དང་བརྗིད་ཆགས་པ། རྗོད་བྱེད་ཆུ་ཀློང་བརྡོལ་བ་བཞིན་རང་བཞིན་ངང་གིས་རང་དབང་དུ་གྲོལ་བ་ལྟ་བུར་གྲུབ་པའི་རིག་གནས་སེམས་ཁམས་ཀྱི་བརྩེ་དུངས་བླ་ལྷག་པ་དང་ཕུན་ཚོགས་སུ་གྲུབ་པ་དེ་དང་། རྩོམ་མཁན་སྒེར་བའི་འཚོ་བ་དང་འཚོ་བའི་བྱུང་བར་སྦྲུམ་པའི་ཡིད་འོང་གི་གཏམ་རྒྱུད་ཁྱད་མཚར་བ་དེ་དང་སྒྲོག་འདོན་པའི་སྐད་ངག་གི་ཉམས་འགྱུར་འཛོམས་པོ་ཟུང་དུ་བསྡེབས་པས་བརྩམས་ཆོས་ཀྱི་བྲོ་བ་དང་ནི་ཚོགས་ར་ཧྲིལ་བོའི་ངོ་གདོང་ལ་ཁ་དོག་གི་གཟི་མདངས་གཞན་ཞིག་ཀྱང་བདོག་པར་བྱས།

 

གཡོན་གཞིས་གནས་ཕྱུག་སྐྱིད་ལགས་ཀྱིས་སྒྲོག་འདོན་བྱེད་ཀྱིན་པ།

       དེར་མཐུད་ལྕམ་སྲིང་ལྷུག་རྩོམ་རྩོམ་སྒྲིག་ཚན་ཆུང་གི་ཚོགས་གཙོ་རབ་འབྱམས་པ་ཙང་གུའི་ཡིད་བཞིན་སྐྱིད་ལགས་ཀྱིས་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་གྱི་ད་ལྟའི་གནས་བབ་དང་མ་འོངས་པར་ཇི་ལྟར་འཕེལ་རྒྱས་ཀྱི་ཕྱོགས་སུ་གོམ་སྟབས་བགྲོད་ཚུལ་ཐད་དུ་དང་། མཐར་ཕྱིན་སྐབས་རེ་རེའི་སློབ་གྲོགས་སོ་སོ་ནས་མ་ཡུམ་སློབ་གྲྭས་བསྒྲུབས་པའི་ང་ཚོ་སློབ་གྲོགས་ཐུན་མོང་གི་རྩོམ་སྦྱོང་གར་སྟེགས་ཅིས་ཀྱང་གཅེས་འཛིན་དུ་རུང་བ་འདི་ཉིད་ཅི་ནས་ཀྱང་སྣང་མེད་དུ་མ་བཏང་བར་འགངས་ཆེན་དུ་བསམ་རིན་བླ་ལྷག་ཅིག་འདུག་ཅིང་། མ་ཡུམ་སློབ་གྲྭ་ཉིད་དུས་ནམ་ཡང་ང་ཚོའི་རྒྱབ་དཔུང་དུ་བརྟན་པོར་འགྲེང་ཡོད་པའི་ཡིད་ཆེས་སེམས་སུ་རུམ་སྟེ། སྟོབས་ཤུགས་མཉམ་རུབ་སྒོས་བསམ་བློའི་རོགས་འདེགས་མི་དམན་པ་བྱེད་གལ་ཆེ་ཚུལ་བརྗོད་ཅིང་། ང་ཚོས་མ་ཡུམ་སློབ་གྲྭའི་དྲིན་དྲན་པ་དང་དྲིན་གཟོ་བའི་བསམ་བློའི་འདུ་ཤེས་ཀྱང་། བྱ་བཞག་འདི་ཉིད་ལེགས་པར་མཐའ་འཁྱོལ་བ་ལ་སྟོབས་ཤུགས་འབུལ་བར་ནུས་ན་དེ་ལས་ལྷག་པ་ཞིག་མི་འདུག་སྙམ་ཚུལ་ཐད་གཏམ་བཤད་གསན་རིན་དང་བསམ་རིན་ལྡན་པ་བསྩལ།

 

རབ་འབྱམས་པ་ཙང་གུའི་ཡིད་བཞིན་སྐྱིད་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

     བྱེད་སྒོའི་གོ་རིམ་དྲུག་པར་སློབ་དོན་པ་སུ་རུག་སྒྲོལ་མ་སྐྱབས་ལགས་ཀྱིས་བྱ་དགའ་ཐོབ་པའི་ཨང་རིམ་དག་ཁྱབ་བསྒྲགས་བགྱིས་ཤིང་སློབ་གཙོ་རྣམ་གཉིས་ནས་བྱ་དགའ་བསྩལ། འགྲན་སྡུར་སྐབས་བཞི་པའི་ཁྲོད་མཐར་ཕྱིན་སྐབས་དང་པོའི་ཙང་གུའི་ཡིད་བཞིན་སྐྱིད་ལགས་ཀྱི་བརྩམས་ཆོས་༼ ང་དང་རྩམ་པའི་གཏམ་རྒྱུད།   ༽ཅེས་པར་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། གཟེངས་སྐྱེས་སུ་དུང་དཀར་ཚིག་མཛོད་ཆེན་མོ་དང་བོད་ཀྱི་རྩོམ་རིག་ལོ་རྒྱུས་པོད་གཅིག བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་པོད་གསུམ་གྱི་བདག་ཉིད་ཅན་བཅས་དམངས་སྒོར་ལྔ་བརྒྱ་ལྷག་རི་བ་དང་གཟི་བརྗིད་དཔང་ཡིག་བཅས་ཀྱི་བྱ་དགའ་བསྩལ། 

 

སློབ་གཙོ་རྣམ་གཉིས་ནས་བྱ་དགའ་སྩོལ་གྱིན་པ།

      མཐར་ཕྱིན་སྐབས་བཞི་པའི་ལྷ་སྡེ་རྟ་མགྲིན་མཚོ་ལགས་ཀྱི་བརྩམས་ཆོས་༼  ང་ཡི་སྐྱེས་ཡུལ།   ༽ཞེས་དང་། མཐར་ཕྱིན་སྐབས་དྲུག་པའི་ཇ་སག་སྐལ་བཟང་སྒྲོལ་མ་ལགས་ཀྱི་བརྩམས་ཆོས་༼ འཚོལ་སྙེག་གི་ལམ་བུ།   ༽ཞེས་པར་སོ་སོར་ཨང་གཉིས་པའི་བྱ་དགའ་ཐོབ་ཅིང་གཟེངས་སྐྱེས་སུ་བོད་རྒྱ་ཚིག་མཛོད་ཆེན་མོ་པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་དང་རྨ་ཆེན་གནས་བཤད་པོད་གཅིག ཨ་རིག་དགེ་བཤེས་ཆེན་མོའི་གསུང་འབུམ་པོད་གཅིག་བཅས་དམངས་སྒོར་སུམ་བརྒྱ་དྲུག་ཅུ་ལྷག་རི་བ་དང་གཟི་བརྗིད་དཔང་ཡིག་བཅས་ཀྱི་བྱ་དགའ་བསྩལ།

 

སློབ་དོན་པ་སུ་རུག་སྒྲོལ་མ་སྐྱབས་ལགས་ཀྱིས་ཨང་རིམ་བསྒྲགས་བཞིན་པ།

    མཐར་ཕྱིན་སྐབས་བཞི་པའི་མཚོ་ལྷོའི་ཚེ་མཚོ་རྒྱལ་ལགས་ཀྱི་བརྩམས་ཆོས་༼ རྨི་ལམ་ནང་གི་རྒྱབ་གཟུགས།  ༽ཞེས་དང་། མཐར་ཕྱིན་སྐབས་ལྔ་པའི་གསེར་རྟའི་སྨྱུག་ལྷ་ལགས་ཀྱི་བརྩམས་ཆོས་༼  བྱིས་པའི་སློབ་གསོ་གླེང་བའི་གཏམ་ལས་བྱུང་བའི་སེམས་ཚོར།  ༽  ཞེས་དང་། མཐར་ཕྱིན་སྐབས་བརྒྱད་པའི་དགའ་བདེའི་ཨིན་དྲ་ལགས་ཀྱི་བརྩམས་ཆོས་༼   ང་ཡི་བྱིས་དུས། ༽ ༽ བཅས་སུ་སོ་སོར་ཨང་གསུམ་པའི་བྱ་དགའ་ཐོབ་ཅིང་གཟེངས་སྐྱེས་སུ་ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་བསྒྲིགས་པོད་གཅིག་གི་བདག་ཉིད་ཅན་དང་། སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་པོད་གཅིག་གི་བདག་ཉིད་ཅན་དང་གཏེར་ལམ་སྤུ་རྒྱལ་བང་སོ་པོད་གཅིག་གི་བདག་ཉིད་ཅན། བྱང་སྐར་སྨེ་བདུན་འཆར་བའི་བོད་ཡུལ་པོད་གཅིག་གི་བདག་ཉིད་ཅན་བཅས་དམངས་སྒོར་ཉིས་བརྒྱ་དང་བཞི་བཅུ་ལྷག་རི་བ་དང་གཟི་བརྗིད་དཔང་ཡིག་བཅས་ཀྱི་བྱ་དགའ་བསྩལ།

      མཐར་ཕྱིན་སྐབས་དྲུག་པའི་མཎ་བཟའ་འགྲོ་བཟང་སྐྱིད་ལགས་ཀྱི་བརྩམས་ཆོས་༼ མ་ཡུམ་དུས་ཆེན་གྱི་ལེགས་སྐྱེས། ༽ ཞེས་དང་། མཐར་ཕྱིན་སྐབས་བརྒྱད་པའི་མགར་བཟའ་རིག་བྱེད་སྒྲོལ་མ་ལགས་ཀྱི་བརྩམས་ཆོས་༼ ང་ལ་སྐད་ཆ་ངོ་མ་དེ་བརྗོད་རོགས།  ༽ཞེས་དང་། མཐར་ཕྱིན་སྐབས་ལྔ་པའི་སྦར་བཟའ་དབང་ཆེན་མཚོ་ལགས་ཀྱི་བརྩམས་ཆོས་༼  ཁྲི་ལོར་འབོད་པའི་སྐད་ཡིག  ༽ཅེས་པ། མཐར་ཕྱིན་སྐབས་བཞི་པའི་གཙང་སྒྲོལ་མ་ལགས་ཀྱི་བརྩམས་ཆོས་༼ ཤར་པང་ལགས། ང་ཡི་བླ་མ། ༽བཅས་སུ་སོ་སོར་ཨང་བཞི་པའི་བྱ་དགའ་ཐོབ་ཅིང་གཟེངས་སྐྱེས་སུ་བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་པོད་གཅིག་གི་བདག་ཉིད་ཅན་དང་། སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ་པོད་གཅིག་གི་བདག་ཉིད་ཅན། གཡག་དང་མཚོན་པོད་གཅིག་གི་བདག་ཉིད་ཅན། པདྨ་བཀའ་ཐང་པོད་གཅིག་གི་བདག་ཉིད་ཅན། བརྩེ་དུང་གི་གཏམ་རྒྱུད་ཅེས་པ་པོད་གཅིག་གི་བདག་ཉིད་ཅན་བཅས་དམངས་སྒོར་ཉིས་བརྒྱ་ལྷག་རི་བའི་བྱ་དགའ་བསྩལ། མཐར་ཕྱིན་སྐབས་དང་པོའི་རབ་འབྱམས་པ་རིན་ཆེན་སྒྲོལ་མ་ལགས་ཀྱི་བརྩམས་ཆོས་༼  སྨན་ལུམས་ཚན་ཁག་གི་ཉེས་ཅན།   ༽ཞེས་དང་། མཐར་ཕྱིན་སྐབས་བཞི་པའི་རྔ་བའི་ཚེས་བཅུ་ལྷ་མོ་ལགས་ཀྱི་བརྩམས་ཆོས་༼ རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེན་གྱི་མི་སྣ་མཚོན་ཞེས་པའི་དཔེ་ཆར་བལྟས་རྗེས་ཀྱི་མྱོང་ཚོར།  ༽ཞེས་པ། མཐར་ཕྱིན་སྐབས་དྲུག་པའི་སྡོམ་ཁོག་ཀེ་ཐོ་སྐྱིད་ལགས་ཀྱི་བརྩམས་ཆོས་༼  རྟེའུ་ཡིས་འཕྱ་སྨོད་བྱས་པའི་བུ་མོ་ཆུང་ཆུང་།  ༽ཞེས་དང་། མཐར་ཕྱིན་སྐབས་བརྒྱད་པའི་ཙང་གུའི་ཚེ་རིང་མཚོ་ལགས་ཀྱི་བརྩམས་ཆོས་༼   སྨྱུ་གུ་གྲོགས་སུ་བསྟེན་པའི་ལོ་ཟླ།  ༽ ཞེས་པ། མཐར་ཕྱིན་སྐབས་དགུ་པའི་གངས་རིའི་དབང་ཕྱུག་ལྷ་མོ་ལགས་ཀྱི་བརྩམས་ཆོས་༼   གོས་ཆེན་གྱིས་གོས་ཆེན་བཀླུབས་ཏེ་ཡུལ་གཞན་ཞིག་ཏུ་ཞི་བར་གཤེགས་སོང་ཨང་།  ༽ བཅས་སུ་སོ་སོར་རྟིང་སྐུལ་བྱ་དགའ་ཐོབ་ཅིང་གཟེངས་སྐྱེས་སུ་བུ་སྟོན་ཆོས་འབྱུང་པོད་གཅིག་གི་བདག་ཉིད་ཅན་དང་། སྤྲིན་གྱི་ཕོ་ཉ་པོད་གཅིག་གི་བདག་ཉིད་ཅན། བྱང་སྐར་སྨེ་བདུན་འཆར་བའི་བོད་ཡུལ་ཞེས་པ་པོད་གཅིག་གི་བདག་ཉིད་ཅན་བཅས་དམངས་སྒོར་བརྒྱ་དང་ཉི་ཤུ་ལྷག་རི་བ་དང་གཟི་བརྗིད་དཔང་ཡིག་བཅས་ཀྱི་བྱ་དགའ་བསྩལ།

      དེར་མཐུད་ལོ་རེ་རེའི་མཐར་ཕྱིན་འཛིན་གྲྭ་སོ་སོའི་ཁྲོད་དུ་ལྕམ་སྲིང་ལྷུག་རྩོམ་རྩོམ་སྒྲིག་ཚན་ཆུང་དུ་ཚོགས་མི་རེ་གདན་ཞུ་བྱེད་དགོས་པའི་རྒྱུན་སྲོལ་བསྐྱངས་ཏེ། ད་ལོའི་མཐར་ཕྱིན་སྐབས་བཅུ་པའི་ཁྲོད་ཙང་གུའི་རིག་མཚོ་ལགས་ཚོགས་མིར་བསྐོ་བཞག་བྱས་ཤིང་དཔང་ཡིག་སྤྲད་དེ་ཁ་བཏགས་བསྒྲོན།

 

ཐེངས་འདིར་བྱ་དགའ་ཐོབ་མཁན་རྣམ་པ།

        བྱེད་སྒོའི་གོ་རིམ་བདུན་པར་མཐར་ཕྱིན་སྐབས་དྲུག་པའི་ཇ་སག་སྐལ་བཟང་སྒྲོལ་མ་ལགས་ཀྱི་བརྩམས་ཆོས་འཚོལ་སྙེག་གི་ལམ་བུ།ཞེས་པ་ཙང་གུའི་ལྷ་མོ་མཚོ་ལགས་ཀྱིས་སྒྲོག་འདོན་བགྱིས་པ་དང་། བརྩམས་ཆོས་ཀྱི་ཚིག་རྩལ་འབེལ་བོའི་སྒྱུ་རྩལ་གྱིས་ནང་སེམས་ཀྱི་གཏིང་མཐིལ་གང་ཞིག་ཏུ་ཟུག་པར་བྱེད་པའི་བརྗོད་དོན་ཕུན་སུམ་ཚོགས་པ་སྟོན་པར་བྱེད་ཅིང་། སྒྲོག་འདོན་པའི་ངག་སྒོ་ཡངས་པོ་དང་ཚོར་བའི་ཉམས་འགྱུར་གྱི་འཁྲིལ་བག་གིས་ཚོགས་ར་ཧྲིལ་བོའི་རྣམ་ཤེས་ཀྱི་དང་བ་འཕྲོག་པར་བྱས།

 

ཙང་གུའི་ལྷ་མོ་མཚོ་ལགས་ཀྱིས་སྒྲོག་འདོན་བྱེད་ཀྱིན་པ།

      བྱེད་སྒོའི་གོ་རིམ་བརྒྱད་པར་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་གྱི་གནས་བབ་བགྲོ་གླེང་བགྱིས་ཤིང་། མཐར་ཕྱིན་སྐབས་དང་པོའི་ཙང་གུའི་ཚེ་རིང་མཚོ་ལགས་ཀྱིས་སྒེར་བས་ལྕམ་སྲིང་ལྷུག་རྩོམ་གྱི་བྱ་བའི་གར་སྟེགས་ལ་བཟུང་བའི་རྣམ་འགྱུར་ལས་འཕྲོས་ཏེ་མོ་རང་གིས་ད་རེས་འགྲན་སྡུར་ཁྲོད་རྩོམ་བྲིས་མེད་ནའང་། ཐེངས་འདིར་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་གྱི་གཟེངས་བསྟོད་བྱེད་སྒོའི་སྟེང་ཞུགས་ཏེ་བློ་སྐྱེད་མི་དམན་པ་རག་ཅིང་ཚོར་བར་གདེང་ཚོད་ཆེན་པོ་བྱིན་པས་དུས་ད་ལྟ་ནས་བཟུང་རྩོམ་ཡིག་འབྲི་སྦྱོང་གི་ལས་སུ་འབད་པ་ལྷུར་ལེན་བགྱི་ངེས་པའི་ཐད་ཆོད་སེམས་བརྟན་པོས་གཏམ་བཤད་བགྱིས།

 

ཙང་གུའི་ཚེ་རིང་མཚོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

        མཐར་ཕྱིན་སྐབས་བཞི་པའི་གཅིག་སྒྲིལ་ཀུན་བཟང་སྐྱིད་ལགས་ཀྱིས་མི་སྒེར་སློབ་སྦྱོང་འཚོ་བའི་གནས་ཚུལ་དང་འབྲེལ་ཏེ་དཀའ་སྤྱད་སྡུག་རུས་ཀྱིས་བསྐྱལ་བའི་ལོ་ཟླའི་གཏམ་རྒྱུད་མོད་པོ་ཀུན་ལ་མཉམ་སྤྱོད་དུ་བགྲོས་པ་དང་། ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་རྣམ་པ་རྒྱ་བསྐྱེད་ཚུལ་ཐད་དུ་དང་གཟེངས་བསྟོད་བྱེད་སྒོའི་འདུ་འཛོམས་རྒྱ་བསྐྱེད་ཚུལ་ཐད་དུ་གཏམ་བཤད་གསན་རིན་བསམ་རིན་ལྡན་པ་བགྱིས།

 

གཅིག་སྒྲིལ་ཀུན་བཟང་སྐྱིད་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

   མཐར་ཕྱིན་སྐབས་བཞི་པའི་ལྷ་སྡེ་རྟ་མགྲིན་མཚོ་ལགས་ཀྱིས་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་ལ་བཟུང་བའི་མི་སྒེར་གྱི་བསམ་པའི་རྣམ་འགྱུར་ལས་འཕྲོས་ཏེ། ལས་ཀ་འདིའི་ད་ལྟ་དང་འབྱུང་འགྱུར་གྱི་ཁ་ཕྱོགས་དང་དམིགས་འབེན་ཐད་དུ་བསམ་ཚུལ་མོད་པོ་བརྗོད་ཅིང་། མཐར་ཕྱིན་སློབ་གྲོགས་རེ་རེ་ནས་མ་ཡུམ་སློབ་གྲྭས་བཀལ་བའི་འགན་འཁྲི་སྟེ། མི་སྒེར་རེ་རེའི་མི་ཚེའི་མདུན་ལྗོངས་ལ་འོད་སྣང་གི་གཟི་བྱིན་སྩོལ་བར་ཅིས་ཀྱང་རྔོ་ཐོགས་པར་འགྱུར་བ་དང་། རིག་གནས་འཕེལ་རྒྱས་ཀྱི་བླ་སྲོག་གསོ་བ་ལ་ཅིས་ཀྱང་རྣམ་གཡེང་དང་སྒྱིད་ལུག རང་མགོ་རང་གཡོགས་བྱེད་མི་རུང་ཚུལ་བརྗོད།

 

ལྷ་སྡེ་རྟ་མགྲིན་མཚོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

   མཐར་ཕྱིན་སྐབས་ལྔ་པའི་སྦར་བཟའ་དབང་ཆེན་མཚོ་ལགས་ཀྱིས་སྒེར་བས་མི་རིགས་རིག་གནས་ལ་བཟུང་བའི་རྣམ་འགྱུར་དང་འདུ་ཤེས་ལས་འཕྲོས་ཏེ་སྐད་ཡིག་རིག་གནས་ནི་ང་ཚོའི་ཤ་རུས་བརྩེ་དུང་གི་ཁྲག་རྒྱུན་ན་འཁོར་སྐྱོད་བྱེད་པའི་བླ་སྲོག་གི་དྭངས་མ་ཡིན་དགོས་ཚུལ་བརྗོད་པ་དང་། སྐད་ཡིག་གི་ཉམས་རྒུད་ནི་མི་རིགས་ཀྱི་ཉམས་རྒུད་དང་འཚོ་གནས་འཕེལ་རྒྱས་ཀྱི་ཉམས་རྒུད། མི་རིགས་རིག་གནས་ས་སྒང་འདིའི་སྟེང་དུ་དུས་ཡུན་ཇི་ཙམ་གནས་ཐུབ་མིན་ཀྱང་སྐད་ཡིག་རིག་གནས་ཀྱི་སྲོག་རྩ་འགག་མིན་གྱིས་ཐག་གཅོད་པར་ཐུབ་པས། ང་ཚོས་སྐད་ཡིག་རིག་གནས་ཀྱི་བླ་སྲོག་དམ་པོར་སྲུང་ཞིང་། མི་རིགས་དང་རྒྱལ་ཁབ་གང་གི་རིག་གནས་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱང་རང་གི་སྐད་ཡིག་སྲུང་བ་ནས་མགོ་རྩོམ་ཞིང་། གཞན་གྱི་སྐད་ཡིག་སྦྱོང་བ་ནས་འཐུས་ཚང་དུ་གཏོང་བར་འབོད་སྐུལ་ཞུ་ཞེས་བརྗོད།

 

སྦར་བཟའ་དབང་ཆེན་མཚོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

        དེ་བཞིན་སློབ་གཙོ་རྣམ་གཉིས་ནས་དབུ་བརྩམས་ཏེ་དགེ་རྒན་འགས་ཀྱང་སློབ་ར་ཕྱི་ནང་གཉིས་ཆའི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་གྱི་ད་ལྟའི་གནས་བབ་དང་འབྱུང་འགྱུར་ཁ་ཕྱོགས་ལས་འཕྲོས་ཏེ་གསུང་མོལ་གཟབ་རྒྱས་གནང་།

 

དགེ་རྒན་རྣམ་པས་ལྟ་ཚུལ་འདོན་བཞིན་པ།

བྱེད་སྒོའི་གོ་རིམ་དགུ་པར་མཐར་ཕྱིན་སྐབས་བཞི་པའི་ལྷ་སྡེ་རྟ་མགྲིན་མཚོ་ལགས་ཀྱི་བརྩམས་ཆོས་ང་ཡི་སྐྱེས་ཡུལ།ཞེས་པ་མཐར་ཕྱིན་སྐབས་དང་པོའི་ཆུ་བ་གདུགས་དཀར་སྐྱིད་ལགས་ཀྱིས་སྒྲོག་འདོན་བགྱིས་པ་དང་། རྩོམ་མཁན་གྱི་ནང་བསམ་པའི་གཏིང་ནས་བརྡོལ་བའི་ཚོར་བའི་ཚིག་འབྲུ་རེ་རེས་དོན་གྱི་འབབ་སྟེགས་རེ་རེའི་སྣང་བརྙན་ཡིད་དང་ཡིད་དུ་ཇི་བཞིན་སྣང་བར་བྱེད་ཅིང་། སྒྲོག་འདོན་པའི་གདངས་འགྲོས་སྙན་གསུམ་ཕུན་ཚོགས་སུ་གྲུབ་པའི་སྐད་ངག་གི་ཉམས་འགྱུར་གྱིས་ཚོགས་ར་ཧྲིལ་བོའི་སེམས་ཁོང་མཆི་མས་བརྣངས་ཡོང་བར་བྱས་པ་དང་ཡིད་སེམས་དྲག་ཏུ་སྐྱོམ་པར་བྱེད་པ་ཞིག་ཏུ་བཏང་།

 

ཆུ་བ་གདུགས་དཀར་སྐྱིད་ལགས་ཀྱིས་སྒྲོག་འདོན་བྱེད་ཀྱིན་པ།

   དེར་མཐུད་ཀུན་གྱིས་དུས་གཅིག་ཏུ་གསོལ་ཇ་བཞེས་ཞོར་སོས་དལ་ངང་ཁ་བརྡའི་མོལ་བ་སྣ་ཚོགས་སུ་གནང་ཞིང་། མཇུག་ཏུ། ཐེངས་འདིར་འཛོམས་པ་ཀུན་གྱིས་མིང་རྟགས་བཀོད་པ་དང་མཉམ་པར་བསྒྲོན། བྱེད་སྒོའི་གོ་རིམ་བཅུ་པར་མདོ་འཛིན་པའི་བཀྲ་ཤིས་སྨོན་ཚིག་གིས་མཇུག་ཕུན་ཚོགས་སུ་བསྒྲིལ་བར་བྱས་པ་ལགས་སོ། །

 

མིང་རྟགས་འགོད་ཀྱིན་པ།

 

མཉམ་པར་བསྒྲོན་པ།

 

གསོལ་ཟས་བཞེས་བཞིན་པ།

གཡོན་གཞིས་ནོར་སྟོབས་ཀྱིས་མཐར་ཕྱིན་སློབ་མའི་ལྕམ་སྲིང་ལྷུག་རྩོམ་འགྲན་སྡུར་སྐབས་བཞི་པ་སྤེལ་བའི་གནས་ཚུལ་རགས་བསྡུས་སུ་བྲིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
13459751
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:516617821
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།