རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བདུན་པ) གྱི་ལིང་འཇིགས་མེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 10 ཚེས 6 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བདུན་པ) གྱི་ལིང་འཇིགས་
རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བདུན་པ) གྱི་ལིང་འཇིགས་མེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-23ལྟ་ཀློག (17070)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར།  

མིང་། གྱི་ལིང་འཇིགས་མེད། 

ཡུལ། མདོ་སྨད་ཨ་མཆོག་གྱི་ལིང་རྒྱལ་བཞེར་ཚང་། 
སྐྱེས་ལོ། 1983-1-17

བརྒྱུད་རིམ། 

     ཆུང་དུས་སློབ་གྲྭ་ཆུང་འབྲིང་འགྲིམས་ཤིང་རང་ལོ་བཅུ་དྲུག་སྟེང་གྱི་ལིང་དགོན་ནས་རབ་ཏུ་བྱུང་སྟེ་སྔ་ཕྱིར་ཡུལ་ངེས་མེད་འགྲིམས་ཏེ་སློབ་གཉེར་བྱས། རང་ལོ་བཅུ་དགུ་བ་ལ་རོང་ཁམས་ཞབས་དྲུང་གི་རྣམ་ཐར་བྲིས་ཏེ་པར་དུ་བསྐྲུན། རང་ལོ་ཉེར་གསུམ་སྟེང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་འགྲིམས་ཤིང་ཉེར་དྲུག་སྟེང་སློབ་མཐར་ཕྱིན། ལོ་དེར་མཚོ་སྔོན་འཁྱམས་རུ་དགོན་པར་རིག་གནས་དགེ་རྒན་བྱས། དེའི་ཕྱི་ལོ་སྟེ2009ནས་ད་ལྟའི་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དགེ་རྒན་བྱས་ཤིང་ཞར་དུ་མཚོ་བྱང་བེ་རི་དགོན་དང་ཨ་རིག་དགོན་ཆེན་སོགས་སུ་དགེ་རྒན་དུ་སོང་།2003ལོར་ཀན་ལྷོའི་ཕུལ་བྱུང་རྩོམ་པ་བོ་དང་། 2016ལོར་གུར་ཀུམ་ཆུན་པོའི་ཕུལ་བྱུང་རྩོམ་པ་བོའི་བྱ་དགའ། 2017ལོར་ཀན་ལྷོའི་ཟླ་ཟེར་གྱིས་ཕུལ་བྱུང་བྱ་དགའ། 2018ལོར་ཞིང་ཆེན་རིམ་པའི་ཕུལ་བྱུང་རྩོམ་པ་བོའི་བྱ་དགའ་བཅས་དང་། ལོ་འགར་བསྟུད་མར་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་སོགས་ཐེངས་འགའ་ལ་ཐོབ། ༼རོང་ཁམས་ཞབས་དྲུང་རིམ་བྱོན་གྱི་རྣམ་ཐར།༽༼མི་ཚེ་དང་རིན་ཐང་།༽༼ཤ་རིའི་རི་ཁྲོད་ཀྱི་ལོ་རྒྱུས།༽༼ཆོས་སྲིད་ཟུང་འབྲེལ་དང་ཆིག་སྒྲིལ་གྱི་ངོ་བ་ལ་དཔྱད་པ།༽༼སྨུག་པ་གྱོན་པའི་མེ་ཏོག༽༼བོད་ཀྱི་ལོ་རྒྱུས་སྤྱི་དོན།༽༼རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེན་གྱི་མི་སྣ་མཚོན།༽༼ལོ་རྒྱུས་ཀྱི་གསང་བ།༽༼སྤྲིན་གྱི་ཕོ་ཉའི་འགྲེལ་བ་ངག་རིག་གཞོན་ནུའི་མགུལ་རྒྱན།༽༼མི་ལོ་སྟོང་གི་སྒྲོན་མེ།༽༼ཞེ་སྐྱོ་བའི་རིག་གནས་འགྲུལ་བཞུད།༽༼དབྱངས་ཅན་དགྱེས་གླུའི་ཟིན་བྲིས་ལྷའི་རོལ་མོ།༽༼ནུབ་ཕྱོགས་ཆོས་སྤེལ་བ་དང་བོད་ཡུལ།༽༼བེ་རི་དགོན་གྱི་གདན་རབས།༽༼ལྷུག་རྩོམ་མྱུར་ལམ།༽སོགས་པར་དུ་བསྐྲུན་ཅིང་༼གྲྭ་བ་དང་མཚན་ཉིད་པ།༽བོད་ཡིག་ཏུ་བསྒྱུར། 

༼མདོ་སྡེ་དཔེ་བརྒྱ་བ།༽དང་༼ཆུ་ཡིས་དྲིས་ལན་ཤེས་པ།༽༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་བསྡུས་པ།༽སོགས་བོད་ཡིག་ཏུ་བསྒྱུར་ཡོད་ལ། དེ་ལས་༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་བསྡུས་པ།༽དེ་པར་དུ་བསྐྲུན་ཟིན། ད་ལྟ་པེ་ཅིན་དང་བོད་ཀྱི་རིག་གནས་ཞེས་པའི་ལྗོངས་རྒྱུའི་ཟིན་ཐོ་ཞིག་འབྲི་བཞིན་པའི་སྒང་ཡིན་ལ། ས་ལམ་གྱི་ཟིན་བྲིས་བྱིས་པའི་འབབ་སྟེགས། སྐར་རྩིས་ལག་ལེན་བླ་མའི་ཞལ་རྒྱུན་སོགས་ཟིན་བྲིས་གླེགས་བམ་ཆུང་ངུར་ལོངས་པ་རེ་བྲིས་ཡོད་དོ། །

    གཞན་ད་ལྟ་ལས་ཞོར་དུ་རྒྱ་རྒྱུད་ནང་བསྟན་ལས་མདོ་ཚན་མང་བོ་ཞིག་བོད་སྐད་དུ་སྒྱུར་བའི་ལོ་ཙཱ་བའི་གྲས་སུ་ཞུགས་ཡོད།  ལོ་འདི་དག་ལ་དགེ་བའི་བཤེས་གཉེན་རྣམ་པའི་མདུན་ནས་དབུ་ཕར་འདུལ་མངོན་དང་སྒྲ་རྩིས་སྙན་ངག་སོགས་ལ་སྦྱངས་པ་ནན་ཏན་གནང་བཞིན། སློབ་མ་དོན་གཉེར་ཅན་མང་བོར་དཔེ་ཁྲིད་སྣ་ཚོགས་ཀྱི་རྒྱུན་སྐྱོང་བཞིན་བཞུགས་སོ། །


ཡང་བསྐྱར་ལྷུག་རྩོམ་གླེང་བ། 

     ང་རང་ཆུང་དུས་ནས་རྩོམ་ཡིག་འབྲི་བར་དགའ་ལ། དེའི་ཁྲོད་ནས་ལྷུག་རྩོམ་ལ་ལྷག་ཏུ་དགའ། ངས་མི་ལོ་འདི་དག་ལ་རྩོམ་ལུས་སྣ་ཚོགས་ཀྱི་ལམ་ནས་རྩོམ་ཡིག་བྲིས་མྱོང་མོད། མཐར་གཏུགས་ན་ང་རང་ཆེས་དགའ་ས་ནི་ལྷུག་རྩོམ་རེད། ལྷུག་རྩོམ་འབྲི་ཤེས་ན་ཡི་གེའི་ལམ་ནས་སྐད་ཆ་ལྷུག་པོར་བཤད་ཤེས་པར་འགྱུར་ལ། སྐད་ཆ་དང་ཡི་གེ་གཉིས་ཀྱི་བར་ཐག་ཇེ་ཉེར་གཏོང་ཐུབ། སྐད་ཆ་དང་ཡི་གེའི་བར་ཐག་ཇེ་ཆེར་བཏང་རྗེས་སྒྲུང་རྩོམ་དང་དཔྱད་རྩོམ་སོགས་སྐད་ཆ་ཅི་ཞིག་ཡོད་ཀྱང་ཡི་གེའི་ལམ་ནས་བདེ་བླག་ངང་འབྲི་ཐུབ། 

    ངས་ནམ་རྒྱུན་ལྷུག་རྩོམ་འབྲི་སྐབས་དེའི་གཞུང་ལུགས་སོགས་གང་ལའང་དོ་སྣང་བྱས་པ་མིན། གཞུང་ལུགས་ནི་ལག་ལེན་གྱི་རྗེས་སུ་བྱུང་བའི་ཉམས་མྱོང་ཕྱོགས་སྡོམ་གྱི་སྐད་ཆ་ཞིག་རེད། འོན་ཀྱང་སྐབས་མང་བོར་གཞུང་ལུགས་ཀྱིས་ང་ཚོར་དགོས་མེད་ཀྱི་དཀའ་ལས་མང་བོ་བཟོ་སྲིད། ཤིན་ཏུ་སླ་བ་ཞིག་ཀྱང་གཞུང་ལུགས་ཁྲོད་ནས་ཧ་ཅང་ཉོག་འཛིང་ཅན་ཞིག་ཏུ་མ་བཏང་བར་བཤད་མི་ཐུབ་པ་འདྲ། དེ་བས་ང་རང་རྩོམ་རིག་གཞུང་ལུགས་ལ་དེ་ཙམ་དགའ་བོ་མེད། 

    མང་བོ་ཞིག་གིས་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་ཞེས་པའི་སྐད་ཆ་དེའི་དོན་མ་གོ་བར། ལྷུག་རྩོམ་ལ་ཚིག་གི་ཤོམ་ཆེན་པོ་འཐེན་དགོས་པར་འདོད་ཡོད་མོད། དོན་དངོས་སུ་ལྷུག་རྩོམ་ལ་མཁོ་བའི་སྒྱུ་རྩལ་ནི་ཚིག་རྒྱན་དང་སྐད་ཆ་ཤོམ་ཅན་དེ་དག་མ་ཡིན་པར། ཆེས་སྤྱིར་བཏང་གི་བབ་ཆགས་པའི་སྐད་ཆའི་ལམ་ནས་གཏམ་རྒྱུད་བཤད་ཤེས་པ་དང་། གཏམ་རྒྱུད་ཀྱིས་ཕལ་རོལ་བོ་ལ་སེམས་འགུལ་ཐེབས་སུ་འཇུག་པའམ་བག་ཆགས་ཟབ་མོ་འཇོག་ཐུབ་པ། ཡང་ན་བློ་སྐྱེད་སྟེར་ནུས་པ་ཞིག་ཡིན་ན་དེ་ནི་ད་གཟོད་ཆེས་ཕུལ་དུ་བྱུང་བའི་ལྷུག་རྩོམ་རེད། 

     སེམས་འགུལ་ཐེབས་པའི་སྐད་ཆ་ཟེར་ན་མང་བོ་ཞིག་སེམས་སུ་སྡུག་སྨྲེ་འདོན་རྒྱུའམ། ཡང་ན་གཞན་དོན་དུ་ཚེ་སྲོག་བློས་བཏང་བའི་གཏམ་རྒྱུད་ལྟ་བུ་ཞིག་ལ་བསམ་བློ་གཏོང་བཞིན་འདུག་མོད། དོན་དངོས་སུ་མི་རྣམས་ཆེས་ཉན་འདོད་པ་དང་། ཉན་ན་སེམས་འགུལ་ཐེབས་པ་ནི་སྐད་ཆ་དྲང་མོ་དང་གནས་ཚུལ་བདེན་པའི་སྐོར་དེ་རེད། དེ་བས་ལྷུག་རྩོམ་གྱི་ཆེས་གལ་ཆེ་བའི་སྒྱུ་རྩལ་གཅིག་ནི་སྐད་ཆ་དྲང་མོར་བཤད་རྒྱུ་དེ་རེད། ང་ཚོས་ལྷུག་རྩོམ་འབྲི་བའི་ཆེད་དུ་གཏམ་རྒྱུད་བཟོ་བ་དང་། ཡིད་འགུལ་ཐེབས་པའི་ཆེད་དུ་རླབས་ཆེ་བའི་བྱ་སྤྱོད་བློ་བཟོ་བྱེད་པ་ནི་ནོར་འཁྲུལ་ཞིག་སྟེ། དེས་ནི་ཀློག་མཁན་ལ་སྤྲོ་བ་སྟེར་མི་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་ཀློག་མི་སྤྲོ་བ་ཞིག་ཏུ་བཏང་འགྲོ། 

     བློ་སྐྱེད་སྟེར་ནུས་པ་ཞེས་པ་དེའང་གནས་ལུགས་ཟབ་མོ་དང་ཡང་ན་གཞུང་དོན་ཟབ་མོ་ལ་འགྲེལ་བ་བརྒྱབས་ཏེ་གཞན་ལ་བློ་སྐྱེད་སྟེར་བ་ལྟ་བུ་དེ་མ་ཡིན་པར། ནམ་རྒྱུན་མི་རྣམས་ཀྱིས་དོ་སྣང་དེ་ཙམ་མི་བྱེད་པའི་དོན་དག་ཆུང་ཆུང་གི་སྐོར་ལ་ཞིབ་ལྟ་དང་བསམ་བློ་མང་བོ་བཏང་སྟེ། དོན་དག་ཆུང་ཆུང་དེ་དོན་དག་གལ་ཆེན་ཞིག་ཡིན་པ་ངོས་ཟིན་ཐོབ་ཏུ་བཅུག་ནའང་བློ་སྐྱེད་ཟབ་མོ་སྟེར་ཐུབ། 

    ང་ཚོས་ནམ་རྒྱུན་སྲང་ལམ་ནས་སློང་མོ་བ་ཞིག་འགྲོ་བཞིན་པ་མཐོང་ནའང་སེམས་ཁམས་ཅུང་དྭངས་དུས་ཤིག་ཡིན་ན་དེ་ལ་སྒོར་གཅིག་སྟེར་སྲིད་མོད། དེ་མི་ཞིག་ཡིན་པ་དང་། གཏམ་རྒྱུད་ལྡན་པའི་མི་ཞིག་ཡིན་སྲིད་པའི་ཕྱོགས་ནས་བསམ་བློ་གཏོང་མཁན་ཧ་ཅང་ཉུང་། གལ་ཏེ་ང་ཚོས་སློང་མོ་བ་དེ་ལ་རྒྱུས་ལོན་བྱས་ན། དེ་ནི་བུ་ཕྲུག་གིས་མ་གཅེས་པར་སྒོར་ཕུད་པའི་ཕ་མ་ཞིག་གམ། ཡང་ན་ཆུང་དུས་ནས་བདག་མེད་དུ་ལུས་པའི་འཁྱམས་པོ་ཞིག མདོར་ན་དེ་ལ་ཞེ་སྐྱོ་བའི་གཏམ་རྒྱུད་མང་བོ་ཞིག་ཡོད་ངེས། སྐབས་དེར་ང་ཚོས་ཁོའི་གཏམ་རྒྱུད་ཀྱི་ཁྲོད་ནས་གནས་ལུགས་མང་བོ་མཐོང་ཐུབ་ལ། རང་གི་མྱོང་ཚོར་གྱིས་ཀློག་མཁན་ལའང་གོ་རྟོགས་གསར་བ་སྟེར་ཐུབ་ངེས།

     ལྷུག་རྩོམ་འབྲི་སྐབས་དོ་སྣང་བྱ་དགོས་ས་དང་། ཆ་རྐྱེན་ཚང་དགོས་ས་གང་དག་ཡོད་དམ་ཞེ་འདྲི་མཁན་མང་བོ་འདུག་མོད། དོན་དངོས་སུ་ལྷུག་རྩོམ་འབྲི་བ་ལ་དོ་སྣང་བྱ་དགོས་ས་དང་ཚང་དགོས་པའི་ཆ་རྐྱེན་ཅི་ཡང་མེད། ཁྱོད་ཀྱིས་རང་གི་མཐོང་ཐོས་མྱོང་གསུམ་མམ། ཡང་ན་གཏམ་རྒྱུད་གང་རུང་ཞིག་སེམས་ཁམས་གཙང་མའི་སྒོ་ནས་ཀློག་མཁན་ལ་གོ་བརྡ་འཕྲོད་ངེས་པ་ཞིག་ཤོད་དང་དེ་གས་ཆོག 

    ལྷུག་རྩོམ་འབྲི་མཁན་ཞིག་ལ་མཚོན་ན་ཆེས་མ་མཐའི་ཆ་རྐྱེན་ནི་གཞན་ལ་ཡི་རང་ཞུ་ཤེས་པའམ། སེམས་འགུལ་ཐེབས་སླ་བ་ཞིག་ཡིན་དགོས། གཞན་ལ་རྗེས་སུ་ཡི་རང་ཞུ་བ་དང་། གཞན་ལ་སེམས་འགུལ་ཐེབས་པ་ནི་ད་གཟོད་ལྷུག་རྩོམ་གྱི་ཆེས་མཛད་པ་མེད་པའི་གཏེར་ཁ་ཞིག་ཡིན། ཐེ་ཝན་གྱི་ལྷུག་རྩོམ་པ་གྲགས་ཅན་ལིན་ཆིན་ཞོན་གྱིས་བཤད་རྒྱུར། ང་རང་སེམས་འགུལ་ཐེབས་སླ་བ་དང་། མིག་ཆུ་ཡོད་པའི་མི་ཞིག་ཡིན་པས། དེ་ནི་ངའི་གསར་རྩོམ་གྱི་མ་རྩ་གཙོ་བོ་ཡིན་ཟེར། དེ་བཞིན་རྒྱའི་ལྷུག་རྩོམ་མཁན་གྲགས་ཅན་ཡུའེ་ཆུའུ་ཡེས་ནས་ཀྱང་སྐྱོ་སྡུག་དང་རེ་ཆད་ཀྱི་དོན་དག་ལ་འཕྲད་པའམ། སེམས་འགུལ་ཟབ་མོ་ཐེབས་པའི་སྐབས་སུ་ད་གཟོད་ལྷུག་རྩོམ་འབྲི་བ་ཡིན་ཟེར། སྐད་ཆ་དེ་དག་ནི་ཁོ་ཚོའི་ཉམས་མྱོང་གི་སྡོམ་ཚིག་ལྟ་བུ་ཡིན་པ་འདྲ། 

     སེམས་ཅན་རྒྱུ་མ་ཐང་ལ་དྲུད་པ་མཐོང་ནའང་སྙིང་རྗེ་མི་སྐྱེ་བ་དང་། སངས་རྒྱས་དངོས་སུ་བྱོན་ནའང་དད་པ་མི་སྐྱེ་བའི་མི་དེའི་རིགས་ལ་ལྷུག་རྩོམ་གྱི་བག་ཆགས་མེད་པ་འདྲ། དེ་བས་ལྷུག་རྩོམ་འབྲི་སྐབས་སེམས་ཁམས་ལ་དད་པ་དང་གུས་པ། སྤྲོ་སྣང་དང་སྨྲེང་སྐྱོ་སོགས་མདོར་ན་སེམས་ཁམས་ཁྱད་པར་ཅན་ཞིག་མེད་པར་མིང་ཚིག་འགའ་རེ་བཀོལ་སྤྱོད་བྱེད་ཤེས་པ་ཙམ་གྱིས་ལྷུག་རྩོམ་ཡོང་མི་ཐུབ་པ་འདྲའོ། ། 

ཅི་འདྲ་ཞིག་ལ་ཕུལ་དུ་བྱུང་བའི་སློབ་གྲྭ་ཟེར། 

      སློབ་གྲྭ་ཆེན་མོ་ཞེས་པ་ནི་ཁང་བརྩེགས་མཐོན་པོ་ཡོད་པ་ལ་མི་བྱ་ཡི། སློབ་དཔོན་ཆེན་མོ་བཞུགས་པ་ལ་བྱའོ། ། མེས་དབྱིས་ཆིས། 

    གོང་གི་ལེགས་བཤད་འདི་ནི་འཛམ་བུ་གླིང་ལ་ཁྱབ་པའི་སྐད་ཆ་ཞིག་ཡིན་ལ། སྐད་ཆ་དེ་བཤད་མཁན་ནི་ཀྲུང་གོའི་ཉེ་རབས་ཀྱི་སློབ་གསོ་བ་གྲགས་ཅན་སྐུ་ཞབས་མེས་དབྱིས་ཆིས་ལགས་རེད། ཁོང་གིས་མི་ལོ་བརྒྱད་ཀྱི་རིང་ལ་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་ལག་བསྟར་སློབ་གཙོའི་འགན་བཞེས་པས་མི་ལོ་བརྒྱད་ཀྱི་ཡུན་སྔོན་དེར་ལོ་ངོ་བརྒྱ་ཕྲག་དུ་མའི་གྲུབ་འབྲས་གཅིག་ཏུ་བསྡུས་པ་ལས་ལྷག་པ་ལྟ་བུའི་འབྲས་བཟང་བླངས་ཡོད་ཅེས་སློབ་གསོའི་ལོ་རྒྱུས་སྨྲ་བ་ཐམས་ཅད་མཐུན་པར་གླེང་། ལེགས་བཤད་འདི་ད་ལྟ་རྡོ་ལ་བརྐོས་ཏེ་ཡུན་ནན་ཞིང་ཆེན་གྱི་ལྟེ་བ་ཁུང་མེན་གྲོང་ཁྱེར་གྱི་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་ཤུལ་དུ་གྲོང་ངེར་བསླངས་ཡོད་པར་མ་ཟད། འཛམ་བུ་གླིང་གི་སློབ་གསོའི་ཕྱག་ལས་གཉེར་མཁན་བརྒྱ་ཕྲག་མང་བོའི་སྙིང་ལའང་ཟབ་མོ་རེ་བརྐོས་ཡོད། 

    ད་སྐབས་ཀྱི་སློབ་གཙོ་དང་སློབ་གསོའི་ལས་དོན་གཉེར་མཁན་རྣམ་པས་གཙོ་བོ་ཅི་ཞིག་དོན་དུ་གཉེར་གྱིན་ཡོད་པ་བདག་གིས་མི་ཤེས་མོད། སློབ་གྲྭ་གང་གི་དགེ་རྒན་གྱི་དཔུང་སྡེ་བཟང་བ་དང་དགོན་སྡེ་གང་དུ་དགེ་བཤེས་མཁས་པ་མང་དུ་བཞུགས་ན་དེར་སློབ་གཉེར་ཤིན་ཏུ་དར་ལ་སློབ་མའང་མཁས་པ་མང་དུ་འབྱུང་བ་ནི་དོན་དངོས་ཤིག་རེད། 

   དགེ་རྒན་གྱི་དཔུང་སྡེ་ཕུན་སུམ་ཚོགས་པ་ཞེས་པ་དེ་ཅི་འདྲ་ཞིག་ལ་ཟེར་རམ། སློབ་གཙོའི་བཀོད་སྒྲིག་རྣམས་གོང་མའི་བཀའ་ལྟར་དང་ལེན་ཞུ་མཁན་དག་ལ་ཟེར་རམ། ཡང་ན་སློབ་མ་ལ་ཤ་ཚ་ཞིང་ལས་ཀ་ལ་འགན་འཁུར་བ། ཡོན་ཏན་གྱི་ཚད་མཐོ་ལ་ཀུན་སྤྱོད་ཀྱིས་གཞན་ལ་མིག་དཔེ་སྟོན་པ་ཞིག་ལ་ཟེར། དེ་ནི་གདོན་མི་ཟ་བར་ཕྱི་མ་དེ་ལ་གོ་བ་ལེན་དགོས། 

    ཉེ་རབས་ལོ་རྒྱུས་ཁྲོད་མཚན་སྙན་ཆེ་བའི་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་ཞེས་པ་དེ་ནི་ཕྱོགས་འདི་ལ་དཔེ་མཚོན་གྱི་ནུས་པ་ལྡན་པས་ང་ཚོས་སློབ་ཆེན་དེའི་གནས་ཚུལ་ཅུང་ཙམ་ཞིག་གླེང་ན། སློབ་ཆེན་དེ་ནི་སྤྱི་ལོ་1937ལོར་པེ་ཅིན་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། ནན་ཁེ་སློབ་ཆེན་གསུམ་མཉམ་འབྲེལ་གྱིས་ཁྲང་ཧྲ་ནས་གནས་སྐབས་སློབ་ཆེན་ཞིག་བཙུགས་པ་དེ་སླར་ཡང་འཇར་པན་གྱི་འཐབ་འཁྲུག་ལ་གཡོལ་ཕྱིར་ཡུན་ནན་ཞིང་ཆེན་གྱི་ཁུང་མེན་དུ་གནས་སྤོས་ནས་ལོ་ངོ་བརྒྱད་ལ་འཚོགས་པ་དེར་ཟེར་ཞིང་། སློབ་ཆེན་དེས་གསོ་སྐྱོང་བྱས་པའི་སློབ་མའི་སྤུས་ཀ་ནི་ད་ལྟའི་བར་དེ་འདྲ་ཞིག་འབྱུང་མ་ཐུབ་ཅེས་མཁས་པ་ཐམས་ཅད་ཀྱིས་གཅིག་མཐུན་དུ་གླེང་། 

    སློབ་ཆེན་དེའི་དགེ་རྒན་རྣམས་ནི་དུས་སྐབས་དེར་རྒྱལ་ཡོངས་ན་ཆེས་སྙན་གྲགས་ཆེ་བའི་ཤེས་ཡོན་པ་དང་ཞིབ་འཇུག་པ། རྩོམ་པ་བོ་དང་བསམ་བློ་བ། ཆབ་སྲིད་པ་དང་རྒྱལ་གཅེས་ལས་འགུལ་བ་ཤ་སྟག་ཡིན། དེ་དུས་ཁོ་ཚོའི་དཔུང་སྡེའི་གྲས་ནས་ཆུ་ཚད་ཆེས་ཞན་པ་ཧྲིན་ཚུང་ཝུན་ཡིན་ཟེར་ལ། ཁོང་ནི་ཀྲུང་གོའི་སྒྲུང་རྩོམ་གསར་བ་གསར་གཏོད་པ་དང་རླབས་ཆེ་བའི་རྩོམ་པ་བོ་ཞིག་ཡིན་པས། སྐབས་དེར་ཆེས་ཕུལ་དུ་བྱུང་བའི་རྩོམ་པ་བོ་མང་བོ་ཞིག་ཁོང་གི་སློབ་མ་རེད། 

    དེ་དུས་ཀྱི་དགེ་རྒན་དེ་དག་མང་ཤོས་ཀྱིས་སློབ་གཙོའི་ཁ་ལ་མི་ཉན་པར་མ་ཟད་རྒྱལ་ཁབ་ཀྱི་བཀོད་སྒྲིག་ལའང་མི་ཉན་པ་སོགས་གཤིས་གྱོང་ཤ་སྟག་ཡིན། འོན་ཀྱང་ཁོ་ཚོ་ཐུན་མོང་ལ་ཁྱད་ཆོས་ཤིག་ཡོད་པ་ནི་ཐམས་ཅད་ཡོན་ཚད་མཐོ་ལ་མཁས་པའི་སྤྱོད་ལམ་ལྡན། སྐབས་མང་བོར་འབར་མདེལ་གྱིས་སློབ་ཁང་གཏོར་བ་སོགས་ཚེ་སྲོག་གི་ཉེན་ཁར་འཕྲད་ཀྱང་འབྲོ་ཞོར་ལ་གྲོག་རོང་ནས་ཀྱང་སློབ་ཁྲིད་བྱེད། ད་དུང་ཟླ་ཕོགས་ཀྱིས་ཟླ་རེའི་འཚོ་བ་མ་སོང་བར་དགེ་རྒན་མང་ཤོས་ཀྱིས་ལས་ཀའི་ཞོར་ནས་ཞོར་ལས་རེ་བཙལ་ཅིང་དེ་ལ་བརྟེན་ནས་རང་ཁ་གསོ་དགོས་བྱུང་ཡོད་ན་ཡང་སློབ་མ་སྐྱོང་བའི་ལས་ཀ་གཙོ་བོའི་ནང་གི་གཙོ་བོར་འཇོག

     དེ་དུས་ཁོ་ཚོར་དཔྱད་གཞིའི་རྒྱུ་ཆ་དཀོན་ལ་ཟུར་ལྟའི་དཔེ་ཆ་ལྟ་ཅི། དགེ་རྒན་མང་བོར་ཐ་ན་སློབ་དེབ་ཀྱང་མེད་མོད། ཁོ་ཚོས་འཁྲིད་བྱ་གང་ཡིན་བློ་ཐོག་ནས་འཆད་པར་མ་ཟད། གྲ་སྒྲིག་ལ་བྲིས་པའི་ཟིན་བྲིས་རྣམས་ནི་ཀྲུང་གོའི་ལོ་རྒྱུས་ཁྲོད་རིག་ཚན་གསར་བ་དེ་དག་གི་ཆེས་ཐོག་མའི་དེབ་ཏུ་གྱུར་ཡོད་པས། ཁོ་ཚོ་མང་ཤོས་ན་སྐབས་དེར་རིག་གཞུང་སྣ་མང་གི་སྒོ་མོ་གསར་དུ་འབྱེད་མཁན་གྱི་ཤིང་རྟ་བ་རུ་གྱུར་ཡོད། 

    སློབ་དཔོན་ཆེན་མོ་ལིའུ་ཝིན་ཏེན་ལྟ་བུར་མཚོན་ན་དབྱིན་སྐད་དང་འཇར་པན་གྱི་སྐད། ཧྥ་རན་སིའི་སྐད་སོགས་སྐད་རིགས་མང་བོར་བྱང་ཆུབ་ཡོད། རྗེས་སུ་འཇར་པན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པ་ནས་འཇར་སྐད་ཚིག་གཅིག་ཀྱང་མི་བཤད་པའི་དམ་བཅའ་བྱས། ཁོས་ཀྲུང་ཙིའི་ལུགས་ཁྲིད་སྐབས་ན་རེ། གནམ་འོག་ན་ཀྲུང་ཙིའི་གཞུང་ལུགས་ཤེས་མཁན་གཉིས་དང་ཕྱེད་ཀ་ལས་མེད། གཅིག་ནི་ཀྲུང་ཙི་ཁོང་རང་ཉིད་ཡིན། གཅིག་དེ་ང་ཡིན་ལ། དེ་ལས་གཞན་འཛམ་བུ་གླིང་གི་ཆེད་མཁས་པ་ཚང་མ་བསྡོམས་ན་ཕྱེད་ཀ་ཡིན་ཟེར། ཡང་ཁོས་ཐོག་ཁང་དམར་བོའི་རྨི་ལམ་ཁྲིད་སྐབས་མི་བཤད་པ་གསུམ་ཞེས་པའི་དམ་བཅས་བསྒྲགས། དེ་ནི་ཕྱི་རྒྱལ་གྱི་ཞིབ་འཇུག་པ་ཚོས་བཤད་ཀྱིན་པ་དེ་ཁོས་མི་བཤད།  ཀྲུང་གོའི་མཁས་པ་ཚོས་བཤད་ཟིན་པ་དེ་ཁོས་མི་བཤད། ཁོ་རང་གིས་སྔ་ཉིན་བཤད་ཟིན་པའང་དེ་རིང་མི་བཤད་ཅེས་པ་དེ་རེད། ཐེངས་ཤིག་རྩོམ་པ་བོ་ཧྲིན་ཚུང་ཝུན་ལ་སློབ་དཔོན་ཆེན་མོའི་གོ་གནས་སྤྲོད་སྐབས་ལུའི་ཝིན་ཏེན་ན་རེ། ཁོས་ཅི་ཤེས། ཟླ་ཕོགས་ཀྱི་སྟེང་ནས་བཤད་ན། སློབ་དཔོན་ཁྲིན་ཡེན་ཆུའེ་ལ་སྒོར་བཞི་བརྒྱ་དང་། རྩོམ་པ་བོ་གྲགས་ཅན་ཀྲུའུ་ཙི་ཆིན་ལ་སྒོར་བཞི་བཅུ། ང་རང་ལ་སྒོར་བཞི་དང་། ཧྲིན་ཚུང་ཝུན་ལ་ཟུར་བཞི་བྱིན་ན་འགྲིག་ཅེས་ཉོན་དྲ་བཟོས། ད་དུང་ཐེངས་མང་བོར་ཅང་ཅེ་ཧྲི་ལ་དངོས་སུ་ཁ་རྩོད་བྱས་པའི་ལོ་རྒྱུས་ཀྱང་ཡོད། ཁོས་ཉལ་ཐ་འཐེན་པའི་སྤྱོད་ལམ་དེ་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱིས་བཟོད་སྒོམ་བྱས་མོད། སློབ་ཁྲིད་ཐེངས་ཁ་ཤས་ལ་ཆད་པས་ཁོ་རང་ལས་གནས་ལས་ཕུད་པ་རེད། 

    ངས་གོང་དུ་སྐུ་ཞབས་ལིའུ་ལགས་ཀྱི་གཏམ་རྒྱུད་བཤད་དོན་ནི་སློབ་ཆེན་དེའི་གྲུབ་འབྲས་དེ་ཅི་ལྟར་བྱུང་བའི་གསང་བ་གཙོ་བོ་གཅིག་ནི་དགེ་རྒན་གྱི་སློབ་ཁྲིད་ལ་བཟུང་བའི་རེ་བ་དེའི་སྟེང་ན་ཡོད་པ་ཤེས་སུ་འཇུག་པའི་ཆེད་དུ་ཡིན། 

    གོང་གི་སློབ་ཆེན་དེའི་གཏམ་རྒྱུད་ལས་ང་ཚོས་ཅི་ཞིག་ཤེས་ཐུབ་བམ། སློབ་གྲྭ་ཕུལ་དུ་བྱུང་བ་ཞིག་སྐྱོང་བ་ལ་ཆེས་མེད་ཐབས་མེད་པ་ནི་དགེ་རྒན་ཕུལ་དུ་བྱུང་བ་མང་བོ་ཞིག་གདན་འཛོམས་རྒྱུ་དེ་རེད། 

     ད་སྐབས་ང་ཚོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་དགེ་རྒན་མ་འདང་བའི་དཀའ་ངལ་ཡོད་མི་སྲིད་མོད། དགེ་རྒན་ཁྱད་དུ་འཕགས་པ་ཅི་ཙམ་ཡོད་དམ། ཡང་ན་བློ་གཅིག་སེམས་གཅིག་གིས་རིག་གཞུང་ཞིབ་འཇུག་དང་སློབ་ཁྲིད་གནང་སྟེ་འགྲོ་ཆོག་ཆོག་གི་དགེ་རྒན་ཅི་ཙམ་ཡོད་དམ། སློབ་གྲྭ་ཡང་སྲིད་འཛིན་སྡེ་ཁག་དང་འདྲ་བར་སློབ་གསོའི་གྲུབ་འབྲས་མཐའ་དག་ཡིག་ཆའི་སྟེེང་ནས་ཐག་གིས་གཅོད་དགོས་ཚེ་ཕུལ་དུ་བྱུང་བའི་དགེ་རྒན་དེ་འདྲ་ཡོད་པའི་དབང་དུ་བཏང་ནའང་སུ་ལ་མཁོ་ཨང་། 

གསལ་བཤད།  
     གཟའ་འཁོར་རེའི་ནང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་ཆེད་དུ་སློབ་གླིང་འདིའི་ཕུལ་བྱུང་མཐར་ཕྱིན་སློབ་མ་རེ་འོས་སྦྱོར་བྱེད་འཆར་ཡོད་པས། མཐར་ཕྱིན་འཛིན་གྲྭ་སོ་སོའི་སྤྱི་ཚོགས་སྟེང་གཟེངས་ཐོན་གྱི་མཐར་ཕྱིན་སློབ་མ་དག་སློབ་ཚོགས་གཞུང་ལས་ཁང་དུ་འོས་སྦྱོར་གནང་རོགས་ཞུ།  

སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས།  (0975) 838 9857  

སྐད་འཕྲིན། 15109745084


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། r1s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བདུན་པ) གྱི་ལིང་འཇིགས་མེད།   སྤེལ་མཁན།: ཚེདབངརིག་འཛིན། སྤེལ་དུས:2022/6/24
མིང་དོན་གཉིས་མཚུངས་ཀྱི་མཁས་དབང་།
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བདུན་པ) གྱི་ལིང་འཇིགས་མེད།   སྤེལ་མཁན།: ཁ་བའི་སྦི་རག སྤེལ་དུས:2022/6/24
ཁོང་ལས་ལྷག་པའི་མཐར་ཕྱིན་སློབ་མ་དཀོན།
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བདུན་པ) གྱི་ལིང་འཇིགས་མེད།   སྤེལ་མཁན།: བླ་རྒན། སྤེལ་དུས:2022/6/24
རྭ་རྒྱའི་མཐར་ཕྱིན་སློབ་མ་ལ་ཁོང་ལས་ལྷག་པའི་རྣམ་དཔྱོད་ཡངས་ལ་བྱས་པ་ཆེ་བ་ཞིག་མེད།
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བདུན་པ) གྱི་ལིང་འཇིགས་མེད།   སྤེལ་མཁན།:  སྤེལ་དུས:2022/6/24
མིང་དོན་མཚུངས་པའི་ཡོན་ཏན་པ་ཁོང་ལྟ་བུ་ཤིན་ཏུ་དཀོན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
13672973
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:516617821
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།