༧ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 5 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༧ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༧ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-05-06ལྟ་ཀློག (125)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

      

    ནུབ་ཕྱོགས་མྱུལ་བའི་སྒྲུང་འདི་དེ་ལྟར་ཉམས་ལེན་ལ་སྦྱར་དགོས་པའི་ཚུལ་ནི་སུན་ཨུ་ཁུང་གིས་བསད་པའི་ཇག་རྐུན་དྲུག་གི་མིང་འདོགས་ཚུལ་ལས་ཀྱང་ཤེས་སོ།། དེ་ཡང་ནུབ་ཕྱོགས་མྱུལ་བའི་སྒྲུང་ལས་ལེའུ་བཅུ་བཞི་བ་སེམས་ཀྱི་སྤྲེལ་རྒོད་ཡང་དག་ལམ་དུ་ལོག ཇག་རྐུན་དྲུག་པོ་གར་སོང་རྗེས་མེད་གྱུར།། (心猿归正,六贼无踪) ཞེས་པའི་ནང་དུ་བཤད་པ་ལྟར། ཐང་སན་བླ་མ་ཁྲང་ཨན་ནས་ལམ་ལ་ཆས་ཏེ་རིང་ཙམ་སོང་བ་ན། ས་སྟོང་ལུང་སྟོང་ཞིག་ཏུ་བྱིས་པའི་སྐད་དང་འདྲ་བ་ཞིག་གིས་དགེ་རྒན་ཞེས་ཤུགས་ཆེན་པོས་འབོད་ཀྱིན་འདུག་པ་ཐོས། སྐད་དང་བསྟུན་ནས་བཙལ་བས་སྤྲེའུ་ཞིག་རིའི་འོག་ཏུ་མནན་འདུག་པ་མཐོང་སྟེ་དེར་སོང་ནས་བལྟས་པ་ན། མགོ་དང་ལག་པ་ཙམ་ཕྱི་རོལ་ཏུ་བུད་འདུག དགེ་རྒན་ཞེས་འབོད་མཁན་དེ་ཡིན་འདུག རྒྱུ་མཚན་དྲིས་པས། སྤྲེའུ་དེས་ཁོའི་མིང་ལ་སུན་ཨུ་ཁུང་ཟེར། ལོ་ལྔ་བརྒྱའི་སྔོན་དུ་ལྷའི་ཕོ་བྲང་དཀྲུགས་ཤིང་མི་འཚམ་པའི་བྱ་བ་མང་བོ་བྱས་པས་མཐར་དེ་བཞིན་གཤེགས་པས་ང་མཛུབ་ལྔ་རི་བོ་ཞེས་པ་འདིའི་འོག་ཏུ་མནན་པ་ཡིན། འཕགས་པ་སྤྱན་རས་གཟིགས་ཀྱིས་འདི་ནས་བསྒུག་དང་མ་འོངས་པ་ན་ལོ་ལྔ་བརྒྱའི་རྗེས་སུ་ཤར་ཕྱོགས་ཐང་གི་ཡུལ་ནས་དགེ་སློང་ཞོན་ཙང་ཟེར་བ་ཞིག་ནུབ་ཕྱོགས་འཕགས་ཡུལ་ལ་ཆོས་འཚོལ་དུ་འགྲོ་བས་དེར་སྐྱབས་འཆོལ་དང་དེས་བསྐྱབ་པར་འགྱུར་རོ།། དེ་ནས་དེའི་སློབ་མ་བྱོས་ལ་ཆོས་འཚོལ་བའི་གྲོགས་གྱིས་ཤིག་ཅེས་ཁོ་བོ་ལ་ལུང་བསྟན་ཡོད་པས་ཁྱེད་ནི་ངའི་དགེ་རྒན་ཡིན། ཅིས་ཀྱང་ང་འདི་ནས་ལེན་རོགས་གནོང་ཟེར། ཇི་ལྟར་ལེན་ཚུལ་དྲིས་པས། སྤྲེའུ་དེས་སྨྲས་པ། གཙོ་བོ་རི་འདིིའི་སྟེང་ན་མ་ཎི་ཡིག་དྲུག་ཅིག་ཡོད། དེ་ཁྱེད་ཀྱིས་ལོངས་དང་རིས་ང་གནོན་མི་ཐུབ་ཟེར་བ་བཞིན་བལྟས་པས་དངོས་གནས་ཡིག་དྲུག་གི་རྒྱས་བཏབ་འདུག་པ་ལེན་པར་བརྩམས་པ་ན། དུས་ལ་བབས་པས་ཡིག་དྲུག་དེ་ཉིད་རང་ཤུགས་ཀྱིས་ནམ་མཁར་འཕུར་སོང་བས་ཐང་སན་བླ་མས་སྤྲེའུ་དེ་རི་འོག་ནས་བསྐྱབས། དེ་ནས་ཁོང་ཐང་ཞོན་ཙང་བླ་མར་བསྟེན། ལམ་དུ་སྟག་ཅིག་ཐོན་པ་སུན་ཨུ་ཁུང་གིས་བསད་ཅིང་སྟག་པགས་དེས་རང་ཉིད་ལ་གོས་ཤིག་བཟོས་ནས་གྱོན། མཚན་མོར་ཇག་པ་དྲུག་ཐོན་ནས་དཔའ་གཏམ་སྒྲོག་ཅིང་འཕྲོག་བཅོམ་བྱེད་པར་བརྩམས་པ་ན། སུན་ཨུ་ཁུང་གིས་དེ་རྣམས་བསད་དོ།། ཐང་སན་བླ་མས་དེ་མཐོང་བས་ཐུགས་ཤིན་ཏུ་མ་དགྱེས་ཏེ་བཀའ་བཀྱོན་གནང་བ་དང་། སུན་ཨུ་ཁུང་ཡང་རབ་ཏུ་ཁྲོས་ནས་སྤྲིན་ལ་ཞོན་ནས་སོང་ངོ་།།  

    དེ་ནས་འཕགས་པ་སྤྱན་རས་གཟིགས་ཕེབས་ནས་ཐང་སན་བླ་མ་ལ་སྤྲེའུའི་མགོ་བོ་འཆིང་བྱེད་ཀྱི་གདམས་པ་གནང་། ཀླུའི་རྒྱལ་བོས་སུན་ཨུ་ཁུང་ལ་ཕྱིར་བླ་མའི་གམ་དུ་སོང་ན་འགྲིག་ཚུལ་གྱི་ཁ་ཏ་བྱས་པས་སྤྲེལ་མགོ་ཅན་སླར་ཐང་སན་བླ་མའི་གམ་དུ་འབྱོར་བ་ན། སྤྱན་རས་གཟིགས་ཀྱི་གསུང་བཀོད་བཞིན་འཆིང་བྱེད་དེ་རྒྱན་གྱི་ཚུལ་དུ་སྤྲེའུའི་མགོ་ལ་བཞག་པ་དང་གཟུངས་བཏོན་པས་སྤྲེའུའི་མགོ་བོ་འགས་འགྲོ་སྙམ་པ་ཙམ་དུ་ན་ཞིང་གཟེར། མར་འཕེན་པར་འདོད་ཀྱང་མི་ལོན་པས་དེ་ནས་བཟུང་བླ་མའི་བཀའ་དང་འགལ་བའི་སྤོབས་པ་མེད་པར་གྱུར་ཏོ།། དེ་ཡང་སྔར་བཤད་པ་ལྟར་སྤྲེའུ་ནི་ཐང་སན་བླ་མའི་རྣམ་དཔྱོད་དང་། འཆིང་བྱེད་ནི་དྲན་ཤེས་ཀྱི་གཟེར་བུ་ཡིན་པས་རང་གི་རིག་པ་རྒོད་ལ་ཤོར་ན་དྲན་ཤེས་བསྟེན་ནས་ལམ་དྲང་བོར་འཇོག་པ་མཚོན་པར་བྱེད་པ་ཡིན་གྱི། ཐང་སན་བླ་མས་གཟུངས་སྔགས་བཏོན་ནས་གཞན་ཞིག་ལ་གནོད་པ་བྱས་པ་ནི་གཏན་མིན་པའང་ཤེས་པར་བྱའོ།། 

    འོན་ཀྱང་འདིར་ནི་དེ་བཤད་བྱ་གཙོ་བོ་མིན་ནོ།། འོ་ན་ཅི་ཞིག་བཤད་ཅེ་ན། སུན་ཨུ་ཁུང་གིས་བསད་པའི་ཇག་པ་དྲུག་པོ་དེའི་མིང་ལས་ཅི་ཞིག་གོ་དགོས་པ་དེ་ཉིད་འདིར་བཤད་པར་བྱ་བའིགཙོ་བོོའོ།། འོ་ན་དེ་དག་གི་མིང་ལ་ཅི་ཟེར་ཞེ་ན། དེ་དག་གི་མིང་ལ་རིམ་པ་བཞིན་མིག་གིས་མཐོང་ན་དགའ། རྣ་བས་ཐོས་ན་ཁྲོ། སྣས་སྣོམ་ན་སྲེད། ལྕེས་མྱོང་ན་དྲན། ལུས་ཀྱིས་རེག་ན་སྐྱོ། ཡིད་ལ་ཤར་ན་ཆགས། (眼看喜、耳听怒、鼻嗅爱、舌尝思、意见欲、身本忧)ཟེར་རོ།། སྤྱིར་བཏང་གི་མི་ཞིག་ལ་མིང་འདི་འདྲ་མི་འདོགས་མོད། འོན་ཀྱང་ཝུ་ཁྲིན་ཨུན་གྱིས་ནུབ་ཕྱོགས་མྱུལ་བའི་སྒྲུང་གི་ནང་དུ་ཇག་རྐུན་འཕྲོག་བཅོམ་བྱེད་དུ་འོངས་པའི་མི་དྲུག་པོ་དེ་དག་ལ་མིང་འདི་འདྲ་རེ་བཏགས་འདུག་པས་དེ་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་ཤེས་དགོས། དེ་ཡང་ཆོས་སྒྲུབ་པའི་ལམ་དུ་ཞུགས་པ་ན་ཐོག་མར་རང་གི་དབང་བོའི་སྒོ་སྡོམ་པ་གལ་ཆེ་བའི་གནས་ལུགས་དཔེས་བསྟན་པ་རེད། དེ་ལྟར་ཡིན་ཚུལ་ནི་དེ་དག་གི་མིང་ལས་ཤེས་ནུས་ཏེ། རང་གི་དབང་བོའི་སྒོ་མ་བསྡམ་ན་དེ་དག་ལ་བརྟེན་ནས་དགའ་སྐྱོ་ཆགས་སྡང་གི་ཇག་རྐུན་ཐོན་ནས་རྟོགས་པའི་ནོར་བུ་བརྐུས་འགྲོ། དེའི་ཕྱིར་མིག་གིས་བལྟ་མི་ཉན་སར་མི་བལྟ། རྣ་བས་ཉན་མི་རུང་སར་མི་ཉན། སྣས་སྣོམ་མི་རུང་སར་མི་སྣོམ། ལྕེས་མྱོང་མི་རུང་སར་མི་མྱོང་། ལུས་ཀྱིས་རེག་མི་རུང་སར་མི་རེག ཡིད་ཀྱིས་དྲན་མི་རུང་བ་དྲན་དུ་མི་སྟེར་བའམ་ཚུལ་མིན་ཡིད་བྱེད་སྐྱེར་མི་སྟེར། གལ་ཏེ་སྐྱེ་ན་རང་དགར་མི་འཇོག་པར་གཉེན་པོ་བསྟེན་ནས་བཙན་གྱིས་འགོག་དགོས། མི་རུང་བའམ་གནོད་པ་བྱེད་མཁན་ནམ་མི་མཐུན་ཕྱོགས་ནི་ཇག་རྐུན་དྲུག་གིས་མཚོན་ལ། གཉེན་པོ་སུན་ཨུ་ཁུང་གིས་མཚོན། རང་ཅག་གཉེན་པོའི་ཕྱོགས་ནས་མི་ལངས་པར་ཉོན་མོངས་པའི་ཕྱོགས་ནས་ལངས་པ་ནི་སུན་ཨུ་ཁུང་གིས་དེ་དག་བསད་པ་ལ་ཐང་སན་བླ་མ་ཐུགས་རྒྱལ་བཞེངས་པས་མཚོན་ཞེས་བཤད་ཆོག་གམ་སྙམ་སྟེ་གསལ་བོར་མི་ཤེས་སོ།། 

    དེ་ཡང་ལམ་ཆོས་སྒྲུབ་པ་ལ་དབང་བོའི་སྒོ་སྡོམ་པ་ནི་ཤིན་ཏུ་གལ་ཆེ་ན། དེ་སྡོམ་བྱེད་གང་ཡིན། གང་གིས་སྡོམ་དགོས་ཤེ་ན། དྲན་པ་ཀུན་ཏུ་བསྲུང་བ་དང༌། དྲན་པ་ལ་རྟག་འགྲུས་བྱས་ནས་སྡོམ་དགོས་སོ།། དེ་ལ་དབང་པོའི་སྒོ་སྡོམ་པ་ལས་བརྩམས་པའི་ཆོས་རྣམས་མི་བརྗེད་པར་ཡང་ཡང་སྐྱོང་བ་ལ་དྲན་པ་ཀུན་ཏུ་བསྲུང་བ་ཞེས་བྱ་ལ། དྲན་པ་དེ་རྒྱུན་དུ་སྐྱོང་བ་དང་དེ་ལ་གུས་པར་སྐྱོང་བ་ལ་རྟག་འགྲུས་བྱེད་པ་ཞེས་བྱའོ།། འོ་ན་གང་སྡོམ་པ་ནི་དབང་པོ་དྲུག་གོ། གང་ལས་སྡོམ་པ་ནི་སྲེད་པའམ་ཆགས་པ་འདྲེན་པའི་ཡུལ་ཡིད་དུ་འོང་བ་དྲུག་དང་སྡང་བ་བསྐྱེད་པའི་ཡུལ་ཡིད་དུ་མི་འོང་བ་དྲུག་ལས་སྡོམ་པའོ།།

    ཇི་ལྟར་བསྡམ་དགོས་ཤེ་ན། ཡུལ་དང་དབང་པོ་ལ་བརྟེན་ནས་རྣམ་པར་ཤེས་པ་དྲུག་སྐྱེས་པའི་མཇུག་ཏུ་ཡིད་ཤེས་ཡུལ་ཡིད་དུ་འོང་བ་དྲུག་དང་ཡིད་དུ་མི་འོང་བ་དྲུག་ལ་ཆགས་པ་དང་སྡང་བ་སྐྱེ་བར་འགྱུར་བ་དེ་ལས་འབད་པ་ཆེན་པོས་མི་སྐྱེ་བར་བསྲུང་བ་ལ་དབང་པོ་སྲུང་བར་བྱེད་པ་ཞེས་བྱ་ཞིང་། གང་ལ་བལྟ་བ་ལ་སོགས་པ་བྱས་ན་ཉོན་མོངས་སྐྱེ་བར་འགྱུར་བའི་ཡུལ་དེ་རྣམས་ལ་དབང་པོ་མི་གཏོང་བར་འགོག་པ་ཞེས་བྱ་ལ་དབང་པོ་དྲུག་གིས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པས་དེ་ཤིན་ཏུ་གལ་ཆེའོ།།

    དབང་པོ་བསྲུང་བ་དེ་ཡང་ཡུལ་དྲུག་ལ་མཚན་མར་དང་མངོན་རྟགས་སུ་མི་འཛིན་ཅིང་བརྗེད་ངས་དང་ཉོན་མོངས་མང་བས་སྡིག་པའི་སེམས་བྱུང་ན་སྡོམ་པར་བྱེད་པས་བསྒྲུབ་བོ།། མཚན་མར་འཛིན་པ་ནི། བལྟ་བར་མི་བྱ་བའི་གཟུགས་ལ་སོགས་པ་ཡུལ་དུ་བྱས་པའམ་ཡུལ་སྣང་བ་རྣམས་དེ་དག་འབྱུང་བ་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་ནས་མཐོང་བའོ།། མངོན་རྟགས་སུ་འཛིན་པ་ནི། ཤེས་པ་དྲུག་གི་མཇུག་ཏུ་ཆགས་སྡང་རྨོངས་གསུམ་སྐྱེ་བའི་ཡུལ་ལ་ཡིད་ཀྱི་ཤེས་པས་འཛིན་པའམ་ཡུལ་མངོན་སུམ་དུ་མི་སྣང་ཡང་གཞན་ལས་ཐོས་ནས་དེ་དག་ལ་རྟོག་པའོ།། སྡོམ་པ་གང་ཡིན་པ་ནི། ཉོན་མོངས་ཅན་ལས་ཡིད་བསྲུངས་ནས་དགེ་བའམ་ལུང་མ་བསྟན་ལ་འཇོག་པའོ།། འདིར་མ་བསྒྲིབས་པའི་ལུང་མ་བསྟན་ལ་འཇོག་པ་ནི་སེམས་དགེ་བའི་དམིགས་པ་ལ་འཛིན་པའི་དུས་མིན་གྱི་སྤྱོད་ལམ་ལ་སོགས་པའི་སྐབས་སུའོ།། ཤེས་བཞིན་དུ་སྤྱོད་པ་ནི་གཉིས་ཏེ། གང་ལ་སྤྱོད་པའི་གཞི་དང༌། དེ་ལ་སྤྱོད་པའི་ཤེས་བཞིན་ནོ།། དང་པོ་ནི་གཉིས་ཏེ། རྒྱུ་བ་དང་ལྡན་པའི་ལས་ལྔ་དང༌། སྤྱོད་པ་དང་ལྡན་པའི་ལས་ལྔའོ།། དེ་ལ་དང་པོ་ལྔའི་ལུས་ཀྱི་ལས་ནི། གྲོང་དང་གཙུག་ལག་ཁང་ལ་སོགས་པ་གཞན་དུ་ཕར་འགྲོ་བ་དང་དེ་ནས་ཚུར་ལྡོག་པའོ།། མིག་གི་ལས་ནི། བློ་སྔོན་དུ་མ་བཏང་བར་ཡུལ་སྣ་ཚོགས་མཐོང་བའི་ཅུང་ཟད་བལྟས་པ་དང༌། བློ་སྔོན་དུ་བཏང་ནས་མཐོང་བའི་རྣམ་པར་བལྟས་པའོ།། ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ལས་ནི། ཡན་ལག་དང་ཉིང་ལག་བརྐྱང་བ་དང་བསྐུམ་པའོ།། ཆོས་གོས་དང་ལྷུང་བཟེད་ཀྱི་ལས་ནི། ཆོས་གོས་གསུམ་དང་ལྷུང་བཟེད་ལོངས་སྤྱད་པ་དང་བཅང་བར་བྱ་བའོ།། བསོད་སྙོམས་ཀྱི་ལས་ནི། ཟོས་འཐུངས་སོགས་སོ།། གཙུག་ལག་ཁང་ན་སྤྱོད་པའི་ལས་ལྔའི་ལུས་ཀྱི་ལས་ནི། འཆག༌ས་ན་འཆག་པའམ་ཆོས་མཐུན་པའི་གན་དུ་འགྲོ་བའམ་ཆོས་ཀྱི་ཕྱིར་ལམ་དུ་ཞུགས་པའི་སོང་བ་དང་འཆག༌ས་ཆོས་མཐུན་པ་མཁན་སློབ་བླ་མ་དང་དེ་འདྲ་བ་རྣམས་ཀྱི་མདུན་ན་སྡོད་པ་དང་ཁྲི་ལ་སོགས་པའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་འདུག་པའོ།། ངག་གི་ལས་ནི། ལུང་མ་མནོས་པའི་གསུང་རབ་བཅུ་གཉིས་ཀྱི་ལུང་ནོད་ཅིང་ཀུན་ཆུབ་པར་བྱེད་པ་དང་མནོས་པ་རྣམས་ཁ་ཏོན་དང་གཞན་ལ་སྟོན་པ་དང་བརྩོན་འགྲུས་བསྐྱེད་པའི་དོན་དུ་གཞན་དང་ལྷན་ཅིག་གཏམ་འདྲེ་བར་བྱེད་པའི་སྨྲ་བའོ།། ཡིད་ཀྱི་ལས་ནི། ནམ་གྱི་ཐུན་བར་བ་ལ་ཉལ་བ་དང་དབེན་པར་སོང་སྟེ་ཇི་ལྟར་ཐོས་པའི་དོན་སེམས་པ་དང་སེམས་དགུས་ཏིང་ངེ་འཛིན་དུ་བྱེད་པ་དང་ལྷག་མཐོང་ལ་བརྩོན་པའི་མི་སྨྲ་བ་དང༌། ཚ་བའི་དུས་སུ་ངལ་བའི་ཚེ་དུས་མ་ཡིན་པར་གཉིད་ཀྱི་སྙོམས་པ་འདོད་པ་བསང་བར་བྱེད་པའོ།། ཉིན་མོ་དང༌། མཚན་མོའི་ལས་གཉིས་ནི། ཉིན་མོ་དང་ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བས་བསྟན་ལ་དེས་ལུས་ངག་གི་ལས་ཀྱང་བསྟན་ཏོ།། ཉལ་བ་ཞེས་གསུངས་པས་ཀྱང་མཚན་མོའི་ལས་དང་ཡིད་ཀྱི་ལས་ཁོ་ན་བསྟན་ཏོ།། བཅུ་པོ་དེ་ལ་ཤེས་བཞིན་དུ་སྤྱོད་པ་ནི། རྒྱུ་བའམ་སྤྱོད་པའི་ལས་ཤིག་རྩོམ་པར་བྱེད་ན་དང་པོ་ཁོ་ནར་ལས་དེ་ལ་དྲན་པ་ཉེ་བར་བཞག་ཅིང་བག་ཡོད་པར་སྤྱོད་ལ། དེ་གཉིས་ཀྱིས་ཟིན་པས་རྣམ་པ་གང་གིས་བརྟག་པར་བྱ་བ་དང་ཚུལ་ཇི་ལྟར་བརྟག་པར་བྱ་བའི་རྣམ་པ་དེས་ཚུལ་དེ་ལྟར་རྟོག་པར་བྱེད་ཅིང་ཤེས་པར་བྱེད་པའོ།། 

    དེ་ཡང་རྣམ་པ་བཞི་སྟེ། དང་པོ་ནི། ལུས་ཀྱི་ལས་ལ་སོགས་པའི་གཞི་བཅུ་པོ་གང་ལ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་གཞི་དེ་ལ་རྣམ་པ་དེས་དེ་ལྟར་རྟོག་པར་བྱེད་པ་སྟེ། དཔེར་ན། འགྲོ་བ་དང་ལྡོག་པའི་ལས་ལ་འགྲོ་བ་དང་འོང་བའི་ཀུན་སྤྱོད་འདུལ་བ་ནས་གསུངས་པ་ལྟར་ཤེས་ནས་དེའི་ཚེ་ད་ལྟ་འདི་དང་འདི་བྱེད་དོ་ཞེས་རྟོག་པ་ལྟ་བུའོ།། གཉིས་པ་ནི། ཕྱོགས་གང་དུ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་ཕྱོགས་དེ་ལ་རྣམ་པ་དེས་དེ་ལྟར་རྟོག་པ་སྟེ། དཔེར་ན། འགྲོ་བའི་ཚེ་ཆང་འཚོང་ལ་སོགས་པའི་གནས་ལྔར་མི་འགྲོ་ཞིང་དེ་ལས་གཞན་དུ་འགྲོ་བའི་ཚུལ་རྣམས་ཤེས་ནས་དེ་དང་དེའི་ཚེ་ཤེས་བཞིན་འཇོག་པ་ལྟ་བུའོ།། གསུམ་པ་ནི། དུས་གང་གི་ཚེ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་དུས་དེའི་ཚེ་རྣམ་པ་དེས་དེ་ལྟར་རྟོག་པ་སྟེ། དཔེར་ན། སྔ་དྲོ་གྲོང་རྒྱུར་རུང་ཡང་ཕྱི་དྲོ་མི་རུང་བར་ཤེས་ནས་དེ་ལྟར་སྤྱོད་ཅིང་དེའི་ཚེ་ཡང་ཤེས་བཞིན་འཇོག་པ་ལྟ་བུའོ།། བཞི་པ་ནི། ལས་དེ་དག་ཇི་སྙེད་ཅིག་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་ལས་དེ་སྙེད་ཅིག་རྣམ་པ་དེས་དེ་ལྟར་རྟོག་པར་བྱེད་པ་སྟེ། དཔེར་ན། འགྲོ་བའི་ཚེ་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་པ་ལ་སོགས་པ་འགྲོ་བའི་བསླབ་བྱ་ཇི་སྙེད་ཡོད་པ་རྣམས་དྲན་པར་བྱེད་པ་ལྟ་བུའོ།། མདོར་ན་ཉིན་མོ་དང་མཚན་མོའི་ཀུན་སྤྱོད་ཇི་ཙམ་ཡོད་པ་དྲན་པར་བྱས་ནས་དེ་དག་གི་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པར་བྱ་བ་དང་འཇུག་ལྡོག་གི་ཚེ་ནའང་ད་ལྟ་འཇུག་པའམ་ལྡོག་པ་འདི་དང་འདི་བྱེད་དོ་ཞེས་ཐམས་ཅད་ལ་ཤེས་བཞིན་འཇོག་པའོ།། དེ་ལྟར་བྱས་ན་ཚེ་འདིར་ཡང་ལྟུང་བས་མི་གོས་པ་དང་ཤི་ནས་ཀྱང་ངན་སོང་དུ་མི་ལྟུང་བ་དང་ལམ་གྱི་རྟོགས་པ་མ་ཐོབ་པ་ཐོབ་པར་བྱ་བའི་རྒྱུའི་ཚོགས་ལ་གནས་པར་གསུངས་སོ།། འདི་དང་དབང་པོའི་སྒོ་སྡོམ་པ་གཉིས་ནི་འཕགས་པ་ཐོགས་མེད་ཀྱིས་མདོ་དྲངས་ནས་དེའི་དོན་བཀྲལ་བ་ལྟར་བཀོད་པ་སྟེ་འདི་གཉིས་ལ་འབད་ན་དགེ་སྦྱོར་བྱེད་པ་ཐམས་ཅད་ལ་བོགས་གཞན་དང་མི་འདྲ་བར་འོང་ཞིང་ཁྱད་པར་དུ་ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་སེམས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བདེ་བླག་ཏུ་འགྲུབ་པར་གསུངས་པས་འབད་པར་བྱའོ།། ཞེས་ལམ་རིམ་ཆེན་མོ་ལས་གསུངས་པ་ལྟར་ཤེས་པར་བྱའོ།།

    དེ་ཡང་ནུབ་ཕྱོགས་མྱུལ་བའི་ཟིན་ཐོའམ་སྒྲུང་ནི་སྒྱུ་རྩལ་གྱི་བསྟན་བཅོས་ཤིག་ཡིན་པས་ལོ་རྒྱུས་སུ་བཟུང་ནས་བཀླག་མི་རུང་བའི་ཚུལ་ནི་གོང་དུ་བཤད་ཟིན་པ་ལྟར་ཡིན་ལ། འདི་མི་ཚེ་དང་སྦྱར་ནས་བལྟ་དགོས་པའང་འདི་རྩོམ་པ་བོའི་དགོངས་དོན་ཡིན་པའང་གོང་ནས་བཤད་ཟིན་པ་ལྟར་རོ།། འོན་ཀྱང་རྩོམ་པ་བོ་ཁོ་རང་ཡང་ཆོས་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པར་བྱས་པ་ཞིག་མ་ཡིན་པས་མ་ཤེས་པར་བཤད་པ་དང་། ཕྱིན་ཅི་ལོག་ཏུ་བཤད་པ་དང་། ནང་ཆོས་ལ་ཏོ་ལུགས་དང་རུའུ་ལུགས་ཀྱི་བཤད་པ་བསྲེས་ནས་བཤད་པ་ཡང་མི་ཉུང་བ་ཞིག་ཡོད་པས། ཚིག་རེ་རེ་བཞིན་ནང་ཆོས་ཀྱི་ཉམས་ལེན་གཙང་མ་ལ་སྦྱར་རྒྱུ་མེད་དོ།།    

    དེས་ན་བདག་གི་ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས་ཞེས་པ་འདིའི་ནང་གི་ཆོས་གཞུང་ལ་སྦྱར་ནས་བཤད་པའང་ཡོད་ཚད་རྩོམ་པ་བོའི་དགོངས་དོན་ཡིན་པར་མ་ངེས་ཀྱང་ཁ་ཕྱོགས་དེ་ལྟར་ཡིན་པ་ནི་སྔར་བཤད་པ་ལྟར་དང་། སྒྲུང་འདི་བཀླགས་པ་ལ་བརྟེན་ནས་མི་ཚེའི་གོ་རྟོགས་འདི་དང་འདི་ལྟ་བུ་སྐྱེས་སོ་ཞེས་པ་འགའ་ཞིག་ནི་བདག་རང་གི་མྱོང་ཚོར་ཙམ་མོ།།    

    དེས་ན་འདིའི་ཡན་དུ་སྒྲུང་རྩོམ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་བྲིས་པ་ཡིན་གྱི། སློབ་དཔོན་ཐང་ཞོན་ཙང་གི་རྣམ་ཐར་དངོས་བཤད་པ་ནི་མིན་ནོ།། འོ་ན་ལོ་རྒྱུས་དངོས་ལ་བྱུང་བའི་ཐང་གུར་གྱི་སྡེ་སྣོད་གསུམ་པ་ཞོན་ཙང་ངམ་རྨད་བྱུང་གཟི་བརྗིད་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གཤམ་ནས་བདག་གིས་ཁོང་གི་རྣམ་ཐར་མདོར་བསྡུས་ཤིག་ངོ་སྤྲོད་བྱ་བར་འདོད་དོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
10721671
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།