རྭ་རྒྱའི་སློབ་གྲྭ་དང་ཐོས་བསམ་གྱི་ལམ་བུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 9 ཚེས 25 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »རྭ་རྒྱའི་སློབ་གྲྭ་དང་ཐོས་བསམ་གྱི་ལམ་བུ།
རྭ་རྒྱའི་སློབ་གྲྭ་དང་ཐོས་བསམ་གྱི་ལམ་བུ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-10ལྟ་ཀློག (5660)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

རྭ་རྒྱའི་སློབ་གྲྭ་དང་ཐོས་བསམ་གྱི་ལམ་བུ།

རྩོམ་པ་པོ། ལུག་རྫི།


  ལ་ལས་བཤད་ན་རྭ་རྒྱའི་སློབ་གྲྭ་སློབ་མའི་རྩོམ་རིག་གིས་གནམ་ལ་སྤུར་བ་རེད་ཟེར། ཡང་རེས་འགས་ལབ་ན་རྭ་རྒྱའི་སློབ་གྲྭ་སློབ་མའི་ཀུན་སྤྱོད་ཀྱིས་ས་ལ་གྲགས་པ་རེད། གཏམ་འདི་ང་སློབ་གྲྭར་ཞུགས་རྗེས་སློབ་གྲོགས་ཚོའི་ངག་ནས་གོ་བ་ཡིན། ངས་ནི་དྲྭ་ལམ་ནས་གོ་བའི་རྭ་རྒྱའི་སློབ་གྲྭར་ཀ་ཁའི་ཡིག་ངོ་ཆོད་ལ་མ་ཆོད་པའི་སློབ་མ་དག་གིིས་ལོ་དྲུག་ལ་འབད་པའི་སྦྱངས་འབྲས་སུ་བོད་ཡིག་གི་རྨང་གཞི་བརྟན་པོར་ཆགས་པར་མ་ཟད། སྙན་ངག་འབྲི་ཐུབ་པར་གྱུར་པ་དེར་ང་རང་ཧ་ལས་ནས་འགྲོ་འདོད་འགོག་མེད་ཅིག་སྐྱེས་ན་ཡང་། མི་ལོ་བཞི་ལྔར་ལས་ཀྱི་འཁོར་ལོས་མ་བཏང་བར་བསྒུགས་བསྒུགས་པའི་མཐར། ༢༠༡༦ལོར་མདོ་དབུས་ལྕགས་ལམ་ནས་མེ་འཁོར་ལ་བསྡད་དེ་གནམ་མགོ་ལོག་ཏུ་འབོད་པའི་ལུང་བ་དེར་འགྲོ་རྒྱུའི་སྐལ་བ་གཞི་ནས་ལྡན་བྱུང་།

  ཞོགས་པ་དེར་ངས་སློབ་གྲྭའི་ཕྱི་ནང་ནས་རྔམ་བརྗིད་ལྡན་པའི་རྒྱ་སྒོ་ཞིག་ལས་གཞན་ཡིད་དུ་འོང་བའི་ཁོར་ཡུག་མ་མཐོང་ལ་ཆ་རྐྱེན་ཡང་ཞན་པོ་འདུག་མོད། ངའི་ཞེ་ལ་ལྟོ་སྐྱ་གོས་ཧྲུལ་གྱིས་ཐོས་བསམ་གནང་བའི་དམ་པའི་རྣམ་ཐར་དྲན་ནས་ཁོར་ཡུག་གིས་རྐྱེན་པས་རང་གི་ཞེ་དམ་ཆུ་ལ་བསྐུར་བའི་ཀུན་སློང་ངན་པ་སྐྱེ་རྒྱུ་ཕར་ཞོག དེ་བས་སློབ་གྲྭར་ཞུགས་འདོད་ཀྱིས་རང་ཉིད་དགའ་བའི་ལུས་རྩལ་ཐང་དུ་ཕྱིན་པ་ན་ཐལ་རྡུལ་གྱིས་ཁེངས་པའི་ཐང་གཤོངས་ན་སློབ་མ་ཚོ་རྐང་གྲུག་གི་རྩེད་འཇོར་གཡེངས་འདུག ཕྱི་དྲོ་དེ་ནས་བཟུང་ངས་རྭ་རྒྱ་གྲོང་རྡལ་གྱི་འགྲོན་ཁང་ཞིག་ཏུ་ཉིན་འགར་ཞག་སྡོད་བྱེད་པའི་རིང་། ངའི་ཁང་མཚེས་ཏེ་མདོ་དབུས་ཁམས་གསུམ་ནས་ཡོང་བའི་སློབ་མ་རྣམས་གཅིག་ལས་གཅིག་དཔེ་ཀློག་གིས་བྲེལ་འཚུབ་ཆེ་རུང་། ངས་ནི་རང་གི་བློ་ངོར་ཡོད་པའི་དག་ཡིག་གསར་སྒྲིག་ངོས་ཀྱི་ཚིག་ཕྲད་སྦྱོར་ཚུལ་དེ་དང་རང་ཉིད་དག་ཆར་ཅུད་ཟད་བྱང་བའི་ང་རྒྱལ་གྱིས་རྒྱུགས་ལ་སེམས་ཁུར་མེད་པར་བཟའ་བཏུང་འབའ་ཞིག་བྱས་ནས་བསྡད།

   ཉིན་ཤས་ནས་སློབ་མ་གསར་ཞུགས་ཀྱི་རྒྱུགས་ལ་ཞུགས་ཤིང་ངས་རྒྱུགས་ཤོག་ལ་ཅེར་ནས་ཡུན་རིང་བསྡད་རུང་ཀླད་པ་སྟོང་རྐྱང་ཆགས་ནས་འབྲི་རྒྱུ་ཁྱོན་ནས་མི་འདུག་ཨང་། འོན་ཀྱང་ངས་རླུང་རྟ་རྒྱུག་པར་རེ་སྒུག་གིས་སྟོང་བ་གཅིག་ཀྱང་མ་བཞག དེ་དུས་རྒྱ་ཡིག་གི་ཚིག་བསྒྲིག་རྒྱུ་གཅིག་ཤེས་བྱུང་དེ་ལས་གཞན་ངས་ཤེས་པ་འདི་ཡིན་ཞེས་ཕལ་ཆེར་བསྟན་རྒྱུ་ཞིག་མི་འདུག དེ་ལས་ཀྱང་ཆོབ་ཚ་བ་ནི་རྒྱུགས་ཤོག་ངོས་ཀྱི་ཕྲིས་ཞེས་པ་དེ་སྐུལ་ཚིག་ཅིག་ཡིན་པ་མ་ཤེས་པར། ངའི་སེམས་ལ་སློབ་གྲྭ་མིང་གྲགས་ཅན་འདིས་ཀྱང་ཡིག་ནོར་བྲིས་འདུག་སྙམ་བྱུང་། ད་རུང་དགོད་བྲོ་བ་ཞིག་ནི་སྔོན་ཆད་བསྡུས་གྲྭ་ཞེས་པ་གོ་ཐོས་ཙམ་ཡང་མེད་པའི་ངས། མིང་འགྲེལ་ཇི་ལྟར་བརྒྱབ་པ་རེད་ཅེ་ན། བསྡུས་ནི་ཚུར་བསྡུས་པའི་དོན་དང་གྲྭ་ནི་གྲྭ་བ་སྟེ་གྲྭ་བ་མང་བོ་ལྷན་ཅིག་ཏུ་བསྡུས་པས་ན་བསྡུས་གྲྭ་ཞེས་མིང་འགྲེལ་བརྒྱབ་པ་ད་དུང་ཡང་བརྗེད་རྒྱུ་མི་འདུག

   ཕྱི་ཉིན་རྒྱུགས་སྐར་ཁྱབ་བསྒྲགས་བྱེད་པའི་ཚེ། ངས་རང་ཉིད་ཀྱི་རྒྱུགས་འབྲས་དེ་ཙམ་མི་བཟང་བར་ཤེས་ཡོད་པས། མིང་བོས་ན་འགྲོ་དགོས་མིན་ལ་བསམ་བློ་ཡུན་རིང་བཏང་བ་ཡིན། སོང་ན་སློབ་མ་དང་ཁྱིམ་བདག་གི་མདུན་ནས་ངོ་ཚ་ཉོ་དགོས་ལ། མ་སོང་ན་སློབ་གྲྭར་ཞུགས་མི་ཐུབ་པས་ངས་ཅི་བྱ་ཨང་། དུས་གང་འཚམ་ནས་ངའི་རྣ་ལམ་དུ་རྒྱུགས་ཞུགས་ཨང་གྲངས་ཅིག་ཅིག་ཅིག བསྟན་འཛིན། སྐར་མ་བཅུ་གཉིས་རེད་ཅེས་གྲག་བྱུང་། ངའི་རྒྱུགས་སྐར་འདི་འདྲའི་དམའ་མོ་ཡིན་མི་སྲིད། གོ་ནོར་ཐེབས་པ་མིན་ནམ་སྙམ་སྟེ་ཡར་ཕྱིན་ནས་དྲིས་པ་ན་དེ་ག་རང་རེད་ཟེར།    སྐར་མ་༡༢ཀྱིས་མི་ཚོགས་རྒྱ་མཚོའི་ཁྲོད་དུ་ཕོོ་ལོ་ཉེར་བཞིར་སོན་པའི་སྐྱེས་པ་ངའི་གདོང་བ་ཚ་བེར་བེར་བྱས་བྱུང་། མིག་ཟུང་ཁྲི་འབུམ་གྱིས་དུས་གཅིག་ཏུ་ང་ལ་ལྟ་བཞིན་པའི་སྣང་བ་བྱུང་། ལོ་བཅུ་གྲངས་ཡིན་པའི་བྱིས་པ་དག་གིས་ཀྱང་སྐར་མ་༢༠བླངས་པ་མཐོང་དུས། དྲོད་འཇམ་ཉི་མའི་འོག་ནས་རེ་ཞིག་ངའི་མགོ་བོ་ཡར་ལ་འགྱོགས་པའི་སྤོབས་པ་མི་འདུག དེ་དང་ལྷན་ཅིག་ངའི་ང་རྒྱལ་གྱི་གངས་རི་ཡང་བཞུས་སོང་།

   སྐར་མ་༡༢ངའི་མི་ཚེའི་ནང་གི་རྒྱུགས་སྐར་དམའ་ཤོས་དེ་ཡིན་ལ། ཆེས་དོན་སྙིང་ལྡན་པའི་སྐར་མ་ཞིག་ཀྱང་ཡིན། ༡༢ཀྱིས་ང་སློབ་གྲྭར་ཚུད་ཅིང་དམའ་རིམ་འཛིན་གྲྭའི་ནང་དུ་ཁེལ་བྱུང་། ངའི་མི་ཚེའི་དཀྱོག་མཚམས་གལ་ཆེན་ཞིག་ལ་སླེབས་སོང་། རྒྱུ་མཚན་ནི་དེ་ནས་བཟུང་། དགེན་ལྗང་བུའི་ཚིག་ཅིག་གཡར་ན། ང་ནི་མེས་པོའི་ཕྱོགས་སུ་ཆས་པར་བརྩམས། ཕྱི་ཉིན་དགའ་སྤྲོ་དང་ལྡན་པའི་ངང་སློབ་གྲྭར་ཞུགས་པ་དང་སྒྲིག་འཛིན་པ་ཞིག་གིས་ངའི་ཅ་ལག་ཁྱེར་རོགས་བྱས་ཏེ་ཁང་བ་རྙིང་གོག་ཅིག་ཏུ་བསྐྱལ་ཅིང་འདི་ཁྱོད་ཀྱི་ཉལ་ཁང་རེད་ཟེར། སྒྲིག་འཛིན་པ་དེས་ལམ་ནས་རང་ལས་ལོ་ཚོད་ཆེ་ཙམ་གྱི་མི་ཡོང་བ་དང་ཕྲད་ཚེ་ཕུ་རུང་ཕུད་དེ་མགོ་སྒུར་ནས་གུས་ཉམས་དང་བཅས་རང་སོར་ལངས་ནས་སྡོད་ཀྱིན་འདུག ངས་ནི་ཨ་མདོ་བ་རྒོད་དྲགས་ནས་སློབ་གྲྭས་ཆེད་དུ་སྒྲིག་ལམ་འདི་འདྲ་ཞིག་བཟོས་པ་རེད་སྙམ་མོད། རྗེས་སུ་མལ་གྲོགས་ཤིག་གིས་དེ་ནི་ངང་གིས་ཆགས་པའི་ཡ་རབས་གོམས་གཤིས་ཤིག་རེད་ཟེར། ངའི་ཉལ་ཁང་ན་སོ་ཕག་གིས་བརྩིགས་པའི་ཉལ་ཁྲི་ཆེན་པོ་ཞིག་འདུག་པ་ལ་མི་བཞི་ལྷན་དུ་ཉལ་བ་ཡིན། ཕ་ཡུལ་ལྷ་ས་དང་ཡུལ་ཤུལ། རྔ་བ་དང་མཚོ་ལྷོ་ནས་རེད།


   ང་ཚོ་ཐོག་མར་འཕྲད་དུས་ཕན་ཚུན་ལ་གོ་བརྡ་འཕྲོད་ཁག་ཙམ་འདུག་པས། ཡིག་སྐད་ཀྱིས་བཤད་ཅི་ཐུབ་བྱེད་པ་དང་སྐབས་རེ་མ་གོ་ན་སྦྱོར་ཀློག་གིས་བརྡ་འཕྲོད་ཐབས་བྱེད་པ་ལས། རྒྱ་སྐད་བཤད་དགོས་སྙམ་པ་སུའི་ཡིད་ལ་མ་ཤར་བ་འདྲ། མ་གཞི་ངེད་བཞི་བོས་རྒྱ་སྐད་ཀྱི་ཁ་བརྡ་བཤད་མ་ཤེས་པ་ཡང་མིན། རིམ་གྱིས་ང་ཚོས་རྒྱུན་དུ་ཁ་བརྡ་མང་དུ་བྱས་པ་དང་། སློབ་གྲྭས་ཀྱང་ཕ་སྐད་གཙང་མ་བཤད་དགོས་པའི་འབོད་སྐུལ་དང་སྦྲགས་སྐད་ཚར་གཅོད་བཏང་དང་གཏོང་མུས་ཡིན་པས་ཡུན་རིང་མ་འགོར་བར་སློབ་གྲོགས་ཕན་ཚུན་བར་ལ་ལོ་ཙཱ་མི་དགོས་པར་ཕ་སྐད་གཙང་མས་བརྡ་ཐོགས་མེད་དུ་འཕྲོད་པའི་དུས་ཤིག་བྱུང་།

   ལོ་དང་བོར་ངེད་འཛིན་གྲྭའི་ཁྲིད་བྱ་ལ་བོད་ཡིག་དག་སྡེབ་དང་རྒྱ་དབྱིན་གྱི་རྨང་གཞི་སྐོར་རེད། ས་པན་གྱི་དག་སྡེབ་རིན་རྒྱམ་ཞེས་བྱ་བ་དགེན་གཙུག་ཕུད་རྒྱ་མཚོས་ང་ཚོར་ཁྲིད། ཁོང་གི་ཁྲིད་ལུགས་དེ་གཞན་ལས་ཁྱད་དུ་འཕགས་པ་དངོས་གནས་སྤྲོ་སྣང་དང་ལྡན་པ་ཞིག་ཡིན།    མིང་འགྲེལ་དག་རེ་རེ་བཞིན་སྒོ་སམ་དུ་བྲིས་ཤིང་གསུང་སྐད་ཆེ་ཙམ་གྱིས་འགྲེལ་བཤད་གནང་དུས་རྩེ་གཅིག་གིས་ཉན་ན་ཕལ་ཆེར་བློར་ངེས་འགྲོ།   འོན་ཏེ་ང་ལ་དཀའ་ཁག་ཅིག་ཡོད་པ་ནི་སློབ་གྲྭའི་ལུགས་ལྟར་ཁྲིད་བྱ་གང་ཡིན་པ་དེའི་རྩ་བ་དང་སྡོམ་བློ་འཛིན་བྱེད་རྒྱུ་དེའོ། །

   དེ་དུས་ངའི་སེམས་ལ་འཛིན་གྲྭའི་ནང་གི་བློར་ཤ་ར་མ་རར་འགྲོ་མཁན་དག་ལས་ང་དག་ཆ་ལེགས་པ་ཡོད། བློར་བཟུང་རུང་དགོས་པ་དེ་ཙམ་མེད་པར་འདོད་པ་དང་གཅིག གཉིས་སུ་ཆུང་ནས་ད་ལྟའི་བར་རང་གིས་བློ་འཛིན་བྱས་མ་མྱོང་བའི་སྟབས་ཀྱིས་ཡིན་ནམ་ཅི། གང་ལྟར་དུས་བཀག་ཚུན་དུ་གསར་ཞུགས་སློབ་མ་ཕལ་ཆེར་གྱིས་དག་སྡེབ་བློར་ཟིན་མོད། ངས་ནི་སྔ་དགོང་དག་སྡེབ་ཁོ་ན་སྐྱོར་རུང་ད་དུང་བློར་མ་ཟིན་པས་སློབ་བུ་ཚོགས་པའི་ལག་ལ་ཤོར་བར་མ་ཟད། ཉིན་ཞིག་ལ། དགེ་རྒན་གྱི་མཐའ་རུ་སློབ་གྲོགས་ཚོས་སྒོར་སྒོར་བྱས་ནས་བློ་རྒྱུགས་སྤྲོད་དུས། ངས་ཤོལ་ཀ་གོང་འོག་འཆུགས་ནས་གམ་གྱི་དེར་ཇི་ལྟར་ཉན་རུང་ཨམ་སྐད་མ་གོ་བས་འཚབ་པའམ་རྐྱེན་ཅི་ཞིག་གིས་ཆུ་བཞུར་བཞུར་ཆད་མེད་དུ་འདོན་མ་ཐུབ་པར་རྒྱུགས་མ་འཕྲོད། དེའི་ཕྱི་ཉིན་ངས་འབྲི་དེབ་དང་སྨྱུ་གུ་ཁྱེར་ཏེ་དགེན་ལ་བློར་མ་ཟིན་པའི་རྒྱུ་མཚན་རྣམས་ཞུས་ཏེ་དག་སྡེབ་ཆ་ཚང་ཆུ་ཚོད་གཅིག་ལ་དབུ་མེད་ཀྱིས་བྲིས་ནས་ཁོང་ལ་སྤྱན་འབུལ་ཞུས་པ་ཡིན། དེ་ནས་བཟུང་ངས་དགེ་རྒན་གྱིས་གསུངས་པ་ལྟར་ཨ་ར་པ་ཙཱ་བཏོན་པ་དང་། ཉིན་བཞིན་བློར་གཟུང་རྒྱུ་ཇེ་མང་དུ་སོང་བའི་སྟབས་ཀྱིས་རྒྱ་ཡིག་གི་སློབ་མའི་བསླབ་བྱ་དེ་ཡང་ཚེགས་ཡང་མོའི་སྒོ་ནས་བློར་ངེས་སོང་།

བློོར་བཟུང་བ་ཇི་ཙམ་མང་ན་དེ་ཙམ་གྱིས་ནུས་པ་གོང་དུ་འཕེལ་རྒྱུ་འདུག་ལ། རབ་བྱུང་བའི་བློ་འཛིན་གྱི་ནུས་པ་སྐྱ་བོ་ལས་ལྡབ་འགྱུར་གྱིས་ཆེ་བ་འདྲ། ངེད་འཛིན་གྲྭའི་ཨ་ཁུ་ཚོས་ཡུད་ཙམ་ལ་ཤོ་ལོ་ཀ་ཁ་ཤས་བློར་འཛིན་ཐུབ། ང་རང་བློ་འཛིན་གྱི་འགག་འཕྲང་དེ་དག་ལས་གྲོལ་བ་ནས་བཟུང་རང་ཉིད་ལ་དཔེ་ཀློག་གི་གོམས་གཤིས་མེད་པས་རྐང་གྲུག་འབའ་ཞིག་བརྩེས་ནས་ཉི་མ་གཏོང་དགོས་དྲན་མོད། ཉིན་ཞིག་འཛིན་དཔོན་གྱིས་གཟའ་འཁོར་རེར་རྩོམ་རེ་འབྲི་རྒྱུའི་ལས་འགན་ཞིག་བཞག་པ་སྒྱིད་ལུག་པའམ་འབྲི་མ་ཤེས་པའི་དབང་གིས་དུས་ལྟར་མ་གྲུབ་པས། བྱ་དགར་འགྲམ་ལྕག་ཚ་ཐག་ཆོད་རེ་བླངས་མྱོང་བ་དེ། ངའི་རྩོམ་འབྲིའི་སྐུལ་མར་སོང་སྟེ་དེ་ནས་བཟུང་ངས་ཉིན་ཐོ་ནས་འབྲི་འགོ་བརྩམས་ཤིང་ཐ་སྙད་ཀྱིས་མ་འདང་བའི་དཀའ་ངལ་མང་དུ་ཕྲད་པ་ལ། དགེ་རྒན་རྣམ་པས་འོས་སྦྱོར་གནང་བའི་དཔེ་ཆ་བཀླགས་ཤིང་རིམ་གྱིས་གོམས་གཤིས་ཆགས་ནས་ཕྱིས་སུ་ང་རང་རྩོམ་ཡིག་སྣ་ཚོགས་འབྲི་རྒྱུར་དགའ་བའི་མི་ཞིག་ཏུ་གྱུར་སོང་།


   ལོ་དེ་དག་ལ་ང་ལ་བསམ་རྒྱུ་སློབ་སྦྱོང་ལས་མེད། ངས་སྔ་ལངས་འཕྱི་ཉལ་གྱིས་བོད་དབྱིན་གཉིས་གཙོ་བོར་བཟུང་སྟེ་སློབ་སྦྱོང་ཧུར་ཐག་གིས་ཉིན་ནས་ཟླ་དང་ཟླ་ནས་ལོ་ལ་གཏུགས། ངས་རང་ཉིད་སློབ་གྲྭར་འགྲོ་བ་གཤོག་པ་མེད་པའི་ལྷ་མོར་མ་གཏོགས་སུ་ལའང་མ་བཤད། ཐ་ན་ལུས་སྐྱེད་ཕ་མ་དང་གཉེན་ཉེ་ལའང་གསང་ཡོད་པས། ང་དང་ཀུན་དགའ་དོན་འགྲུབ་ཁ་ཐག་ཇེ་རིང་འགྲོ་བར་ཐེ་ཚོམ་མམ། དེའི་ཕྱིར། ངས་དགུན་གནང་ལ་རྒྱ་གྲོང་དུ་ཞོར་ལས་ལ་སོང་སྟེ་ཕྱིའི་དངོས་པོའི་དཔལ་ཡོན་དང་། དབྱར་གནང་དུ་སློབ་གྲྭར་བསྡད་དེ་ནང་བསམ་པའི་དཔལ་ཡོན་སྤེལ་བ་ཡིན། ཐེངས་ཤིག་དགུན་གནང་ལ་ནད་ཡམས་ཀྱི་དབང་གིས་ང་ཞོར་ལས་ལ་མ་སོང་བར་སློབ་གྲྭར་བསྡད་པ་ཡིན། སློབ་གྲྭ་འཚོག་མ་ཐུབ་རུང་དགེ་རྒན་རྣམས་དུས་ཐོག་ཏུ་འབྱོར་ཞིང་། ཁོང་རྣམ་པས་ཕར་རུབ་ཚུར་རུབ་ཀྱིས་སློབ་གྲྭའི་སྤྱོད་ཁང་བཞེངས་པ་དང་ཁོར་ཡུག་ལ་གཙང་སྦྲ་གནངས་སོང་། 

  ལོ་དེར་གནམ་འཁྱགས་པས་ངས་ཉིན་དཀར་རི་མགོར་ཨོང་བ་འཐུ་རུ་སོང་ཞིང་མཚན་མོ་ཞིག་མེ་བུས་ནས་ཟ་མ་གཡོ་སྐོལ་བྱེད་པའི་ཚེ། དགེ་རྒན་ཞིག་ཕེབས་ནས་ང་ལ་དཀའ་ཁག་ཡོད་མེད་དྲིས་པར་མ་ཟད། ཁྱོད་ནངས་ཀ་ནས་ཟ་མ་རང་གིས་ལས་མི་དགོས་ངེད་ཚོའི་ཟ་ཁང་ནང་ཤོག་ཟེར། ཉིན་འགར་ང་འགྲོ་མ་ཕོད་པས། མཚན་མོ་ཞིག་ལ་དགེ་རྒན་པད་མ་དོན་འགྲུབ་གྱིས་ཁོང་གི་བུ་ལ་ཤ་མོག་ཚ་པོ་རྒྱགས་ཚད་ཅིག་ངའི་ཉལ་ཁང་སྐྱེལ་དུ་བཏང་བྱུང་། ཡང་ཉིན་ཞིག དགེ་རྒན་ཆོས་འབྱོར་གྱིས་ཀྱང་རྒྱུད་མགོ་ནས་ཟ་མ་ཉོས་ནས་ང་ལ་གནངས། དགེ་རྒན་གཞན་དག་གིས་ཀྱང་ང་ལ་བཟའ་བཏུང་མང་དུ་བསྩལ་བྱུང་། འདི་ནི་སྒོར་རྡོག་འགའ་ལ་སེར་སྣ་བྱས་མ་བྱས་ཀྱི་དོན་དག་ཙམ་མ་ཡིན་པར། ཟླ་ཕོགས་ལེན་རྒྱུ་མེད་པའི་རྭ་རྒྱའི་དགེ་རྒན་རྣམ་པས་སློབ་མ་ལ་བྱམས་སྐྱོང་དང་སེམས་ཁུར་གནང་ཚུལ་རེད། རྭ་རྒྱའི་དགེ་རྒན་གྱི་བཀའ་དྲིན་ནི་བདག་ལྟ་བུས་ཉིན་ཞག་སྦྲེལ་ནས་བརྗོད་པས་མི་ཚར་བས་རེ་ཞིག་རྒྱས་པར་མི་སྤྲོ།

  ངས་མི་ལོ་དུ་མར་རྭ་རྒྱའི་རྡུལ་དམར་ནས་དགེ་རྒན་དྲིན་ཆེན་རྣམ་པའི་ཞབས་དྲུང་ནས་སུམ་རྟགས་དག་གསུམ་དང་། བསྡུས་གྲྭ་དང་སྙན་ངག རྒྱ་དབྱིན་དང་སྒྲ་རྩིས། ས་ལམ་དང་གྲུབ་མཐའ་ལ་སོགས་པའི་དཔེ་ཁྲིད་རྩ་ཆེན་མང་བོ་ཐོབ་ཅིང་། དགེ་རྒན་རིན་པོ་ཆེའི་ཐུགས་བསྐྱེད་ཡངས་མོ་དང་ཐུགས་རྗེའི་བྱིན་རླབས་ཀྱིས་ང་དང་ང་འདྲ་བའི་ཁ་ཕྱོགས་མེད་པའི་སློབ་མ་མང་བོར་ལམ་སྟོན་གནང་བས་བོད་པའི་གཟུངས་གཞུག་ལྡན་པའི་མཐར་ཕྱིན་སློབ་མར་གྱུར་ཅིང་། སྤྱི་ཚོགས་སུའང་ཀུན་སྤྱོད་ཀྱི་ཐད་གཞན་གྱི་མིག་དཔེར་འོས་པ་དང་། རིག་གནས་ཀྱི་ཐད་བོད་ཡིག་ཆེད་སྦྱོང་ཡིན་པའི་དངོས་གཞིའི་སློབ་མའི་མདུན་དུ་ངོ་གནོང་མི་དགོས་པའི་ཚོད་དུ་ཡོད་པས་དངོས་གནས་བཀའ་དྲིན་ཆེན་པོ་ཡིན་ཨང་། ང་ལ་མཚོན་ན་རྭ་རྒྱ་ནས་དགེ་བའི་གཤེས་གཉེན་ཚོའི་གསུང་གི་བདུད་རྩི་འཐུང་བའི་དུས་ཡུན་ནི། ངས་བསྐལ་བ་མང་བོར་ཚོགས་བསགས་པའི་འབྲས་བུ་དང་ཚེ་འདིར་ཆེས་དོན་སྙིང་ལྡན་པའི་བྱ་བ་དེ་ཡིན་པར་འདོད་ཡོད། རྭ་རྒྱ་ནས་མཐར་ཕྱིན་རྒྱུ་སླ་མོ་ཞིག་མིན་ལ། རྭ་རྒྱ་ནས་སློབ་སྦྱོང་བྱས་ནས་མཐར་ཕྱིན་རྒྱུ་དེ་བས་ཀྱང་སླ་མོ་ཞིག་མིན།

མཐར་ཕྱིན་སློབ་མ་བསྟན་འཛིན་ནམ་དྲྭ་མིང་དུ་ལུག་རྫིར་འབོད་པ་དེས་༤/༩ཉིན་བྲིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
13460004
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:516617821
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།