མ་ཡུམ་སློབ་གྲྭའི་འཁྲུངས་སྐར་༢༢པ་ལ་སློབ་མ་རྣམས་ཀྱིས་ཕུལ་བའི་ཤིས་ཚིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 7 ཚེས 3 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »མ་ཡུམ་སློབ་གྲྭའི་འཁྲུངས་སྐར་༢༢པ་ལ་སློབ་མ་རྣམས་ཀྱིས་ཕུལ་བའི་ཤ
མ་ཡུམ་སློབ་གྲྭའི་འཁྲུངས་སྐར་༢༢པ་ལ་སློབ་མ་རྣམས་ཀྱིས་ཕུལ་བའི་ཤིས་ཚིག
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-11-16ལྟ་ཀློག (4382)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  མ་ཡུམ་སློབ་གྲྭའི་འཁྲུངས་སྐར་༢༢པ་ལ་སློབ་མ་རྣམས་ཀྱིས་ཕུལ་བའི་ཤེས་ཚིག 


  ཤིས་ཚིག

  རིན་ཆེན་ནོམ་བཟང་གི་གཏེར་ཁ་བརྡོལ་ས། 

བླ་ན་མེད་པའི་བྱམས་དང་བརྩེ་བའི་འབྱུངས་ཁུངས། 

ལྔ་རིག་གི་གཟི་འོད་འཕྲོ་ས། ཤེས་རིག་གི་འབྲི་འོ་ལྟེམ་ས།  

ངའི་མ་ཡུལ་སློབ་གླིང་། དེ་རིང་ང་ཁྱེད་ཀྱི་འཛད་མཐའ་མེད་པའི་ལྷག་བསམ་ལ་དུང་ཡོད།

དེ་རིང་ང་ཁྱེད་ཀྱི་ཞིམ་པ་མེད་པའི་བློ་སྟོབས་ལ་འཁྲེང་ཡོད།

རིགས་ལ་ཞེན་པའི་ལོ་རྒྱུས་ཀྱི་རྟོགས་བརྗོད་རིང་མོ།

གངས་ལྟར་དཀར་བའི་གཞུང་བཟང་གི་བརྩེ་བ་གསོན་པོ།

སྲིད་ན་དཀོན་པའི་ཕྱི་ཐག་གི་དམ་བཅའ་བརྟན་པོ།

ཡིད་དུ་འོང་བའི་བདེན་ལུགས་ཀྱི་དུང་བརྗོད་གཙང་མ།

སུ་དང་གང་གི་རྟོགས་ངོར་ཤར་བའི་ཡིག་འབྲུ་རེ་རེ་ཡིས་བརྗོད་མི་ཚར་ལ།

སུ་དང་གང་གི་ཡིད་ཡོར་རྒྱུ་བའི་ཐ་སྙད་རེ་འགའ་ཡིས་མཚོན་ག་ལ་ཐུབ།

ལང་ཚོའི་མེ་ཏོག་ཁྱེད་ཀྱི་པང་ནས་བལྟམས་པའི་ང་དང་ངའི་སློབ་གྲོགས་ཚོས།  

ཁྱེད་ཀྱི་རྟོག་བརྗོད་དང་མཛད་རྗེས་ལ་ཡི་རངས་བྱེད་ཀྱིན་ཡོད།

ཁྱེད་ཀྱི་འབྱུང་འགྱུར་ལ་སྨོན་འདུན་ཞི་བཞིན།  

དུས་རྟག་ཏུ།  བསྐལ་བ་མ་སྟོང་བར་དུ།   ཁྱེད་ཀྱི་གཟི་བརྗིད་དང་མཚན་སྙན་མི་ཉམས་པར། 

ཁྱེད་ཀྱི་མདུན་ལམ་འོད་དུ་རྩེན་ཞིང་།  བློ་སྟོབས་ཞུམ་པ་མེད་པའི་སྨོན་ལམ་འདེབས། 

མ་ཡུམ་སློབ་གླིང་།   ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

 ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་་སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་སྟེ་དུས་མཁའ་ཟླ་བའི་རུ་དཔུང་གི་སློབ་བུའི་གྲལ་མཐའ་བ་གཙང་གཟུགས་མཛེས་རྒྱ་མཚོས།

  བསུབ་མེད་སེམས་ཀྱི་རྡོ་རིང་།                                             

སེང་དཀར།

ཤིན་ཏུ་གྲང་བའི་དགུན་ཟླ་རིང་མོ་བརྩེ་བའི་འཛུམ་གྱིས་ཤག་ཏུ་བསུས། །

སྐྱ་ཆད་སྔོ་སྡུག་འཚོ་བ་སྐྱུར་བོར་དགའ་བའི་ཉམས་ཀྱིས་ལོངས་སུ་སྤྱད། 

སྟོབས་ལྡན་རྒྱལ་བོའི་བཀའ་ལུང་མེད་ཀྱང་སྡུག་གི་ཁུར་བོ་འདེགས་མཛད་པའི། །

བདེན་པ་དཀར་བོ་གྲོགས་སུ་བསྟེན་པའི་བཤེས་གཉེན་རྣམ་གསུམ་རྒྱལ་གྱུར་ཅིག ། 

དབུ་རྩེ་སུམ་རྩེན་གནས་ལ་ཟུག་འདྲའི་ཁྱུང་མགོན་རི་བོའི་འདབས་རོལ་དུ། །

ལྷ་ཡི་ཁང་བཟང་ས་ལ་འཕོས་འདྲའི་རིག་པའི་གྲོང་ཁྱེར་རྭ་རྒྱ་མཛེས། །

དལ་འབབ་རྨ་ཀློང་གཡས་སུ་འཁྱིལ་བའི་འབའ་འབའ་ལུ་གུའི་རྩེད་ཤུལ་དུ། །

འཇིགས་མེད་སྤོབས་པའི་གད་རྒྱངས་ལས་འཁྲུངས་ཤེས་རིག་ནོར་བུའི་ཁང་བཟང་ཕུབ། ། 

སྐུ་ཡི་ན་ཚོད་ཤིན་ཏུ་ཕྲ་བའི་ཉེར་གཉིས་ལང་ཚོའི་མཛེས་སྡུག་གིས། །

འཁོར་ངན་སྦྲུལ་གྱི་ཚང་དུ་ལྷུང་བའི་གངས་ཕྲུག་སྟོང་གི་ལས་དབང་བསྒྱུར། །

ལྷད་མེད་སེམས་ཀྱི་ལྡེ་མིག་ཅིག་གིས་རིག་པའི་སྒོ་བརྒྱ་ཕྱེ་དང་ལྷན། །

འཛིན་མའི་ཁྱོན་འདིར་སྔ་ན་མེད་པའི་ལོ་རྒྱུས་གསར་བའི་དབུ་ཁྱུད་བྲིས། །

གསང་དང་མ་གསང་ཁྱོན་ནས་མི་འདུག་འགག་ལ་ཉེ་བའི་ཕ་སྐད་ཀྱི། །

ཚེ་སྲོག་ཕྲ་མོའི་རྒྱུ་བ་འདི་ལ་སྙིང་སྟོབས་བཙན་པོའི་གོ་ཆ་བསྐྲུན། །

མངོན་པར་བསྟོད་དོ་བདག་གི་མ་ཡུམ་ཁྱེད་ཀྱི་བྱམས་བརྩེའི་དྲོད་ཁོལ་གྱིས། ། 

མ་རིག་ཀློང་ན་མགོ་བོ་འཐོམས་པའི་བསིལ་ལྡན་ལྗོངས་འདི་གཉིད་ལས་དཀྲོགས། །

རྒྱུ་དང་འབྱོར་བའི་ངོ་སོ་མཐོ་བའི་དུས་ངན་སྙིགས་མའི་མཐའ་མ་འདིར། །

ཟླ་མེད་ཉམ་ཐག་གཅེས་པར་སྐྱོང་བའི་ཐུགས་བསྐྱེད་འོ་མཚོ་བསྲུབས་པ་མཚར། །

ཚུལ་འདི་བསམ་ནས་གངས་རིའི་ལྗོངས་ཀྱི་གཟུར་གནས་བློ་ལྡན་སྐྱེ་བོ་ཚོས། །

རེ་བའི་མེ་ཏོག་སྙིང་ལ་ཉར་ཏེ་ཁྱེད་ཀྱི་པང་དུ་འཚང་ཁ་རྒོད། །

མདོར་ན་རང་ཅག་ཁ་བའི་ལྗོངས་འདིར་བདག་ལ་མཚོན་ན་ཁྱེད་ཉིད་ལས། །

རིགས་ཀྱི་བླ་སྲོག་སྙིང་ལ་ཟུག་འདྲའི་ཤེས་རིག་འོད་ཀྱི་ལྡིང་ཁང་དཀོན། །  

དེའི་ཕྱིར་ཕྱོགས་བཞིའི་རླུང་འཚུབ་རྒོད་ཀྱང་ཁྱེད་ཉིད་རི་རྒྱལ་ལྷུན་པོ་ཞེས། །

དེང་དུས་མཁས་བླུན་མང་བོའི་ཁ་ན་ཁྱེད་ཉིད་བདེན་པའི་དགེ་མཚན་གླེང་། །

ཞེས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་མི་ཡུལ་དུ་འཁྲུངས་ནས་བགྲང་བྱ་ཉེར་གཉིས་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོར་བཀྲ་ཤིས་པའི་ཁ་བཏགས་ཡུག་གཅིག་གི་ཚུལ་དུ་སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་སེང་དཀར་གྱིས་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་ནས་སྤྱི་ལོ་༢༠༡༦.༡༡.༡༥ཉིན།

 མ་ཡུམ་སློབ་གྲྭ །      

ཕ་ས་གངས་ཀྱི་བླ་དང་སྲོག་ཤིང་ལྔ་རིག་ཤེས་བྱའི་གསེར་གྱི་ལྡེ་མིག་སྒང་བ་ཚང་གི་ནོར་གྱི་མཛོད། །

སྐད་དང་ཡི་གེའི་གདངས་དང་འགྱུར་ཁུགས་སྔོན་བྱོན་མེས་པོའི་བློ་མིག་རྣོན་པོ་རྣམ་དཔྱོད་རྒོད་པོ་མཐུར་མེད་པོ། །

ས་སྒང་རིལ་མོའི་གསེར་གྱི་རྒྱལ་མཚན་རིགས་གཞུང་འབྲི་མར་སེར་པོའི་སྙིང་བཅུད་བོད་སེམས་དག་མའི་བྱམས་སྐྱོང་བ། །

སྲིད་པའི་གཙུག་རྒྱན་བདག་བློའི་མུན་སེལ་བརྩེ་བའི་ཕ་མཁར་བདེན་པའི་བཟི་ཁ་ཚེ་འབར་ལགས། །        

སྐབས་བཅོ་ལྔ་བའི་མཐར་ཕྱིན་སློབ་མ་ཨ་བསྐལ་བསྟན་དང་སྐབས་བཅུ་དྲུག་པའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་སློབ་མ་ཙ་ཡིས་སངས་རྒྱས་རྒྱ་མཚོ།  སྐབས་བཅོ་བརྒྱད་པའི་མཐར་ཕྱིན་སློབ་མ་རུ་ཡོང་རྨ་ཤུལ་ལམ་དབང་ཆེན་གྲགས་པ་བཅས་ཀྱིས་ལྷ་ས་ནག་ཆུ་སོག་ཤོད་སྨན་རྩིས་ཀུན་ཕན་གླིང་ནས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བའི་སློབ་གླིང་དབུས་བརྙེས་ནས་འགྲེང་བྱ་ཉེར་གཉིས་འགོར་བར་གུས་ཕུལ།

 ཁྱོད་ལ་རྟེན་འབྲེལ་ཞུ་ཆོག་ཆོག

   _______སྒར་བ་བཀྲ་ཉི། 

ཁྱོད་ནི་ཕོ་ལོ་ཉེར་གཉིས་ལ་བུད་མ་རེད།

རྒན་པ་རེའི་ཐུགས་ཀྱི་ཁྱེའུ་འོད་དཀར།

རིགས་ཀྱི་དུངས་ཞེན་ན་རུས་པ་ཆེས་དཀར་ས་སྟེ།

ཁྱོད་ནི་གདེང་ཡིན། ཁྱོད་ནི་མཛངས་ཡིན།

ཁྱོད་ནི་རིགས་ཀྱི་སྙིང་ཕུར་ཡིན།

 

ཁྱོད་རང་ནར་གསོན་པའི་གོ་རིམ་ན།

མདུན་སྐྱོད་དང་རྔུལ་ཆུ་ལ་འཛད་པ་མེད།

དགའ་བ་དང་རེ་སྨོན་ལ་རྫོགས་པ་མེད།

རྒྱལ་ཁ་དང་གཟི་བརྗིད་ལ་དེ་ལས་ཀྱང་ཟིམས་པ་མེད།

 

ཉིད་ནི་ཞུམ་པ་མེད་པའི་བུ་ངར་མ་ཞིག

ཉིད་ནི་ཞི་དྲག་གི་སྒེར་ཚུགས་ཅིག

ཉིད་ནི་སྐྱ་སེར་གཉིས་ལྡན་གྱི་སློབ་གླིང་དག་མ་དག་རྐྱང་ཞིག

 

འུ་ཚོས་འདས་མ་ད་གསུམ་ལ་ཉིད་ཀྱི་རྒྱབ་ལོག་ན་འཇིགས་པ་མེད་པའི་ཡབ་ཡུམ་ལྟ་བུའི་སློབ་དཔོན་གཉིས་དྲན་ཆོག

རྟག་ཏུ་དྲན་ཆོག  རྒྱུན་ཏུ་གླེང་ཆོག

གང་དུ་སོང་ཀྱང་།  གང་ནས་བསྡད་ཀྱང་།

 

ཁྱོད་ནི་དཔའ་བོ་ཚང་གི་སྐྱེ་རབས་ཡིན།

ཁྱོད་ནི་དམ་པ་ཞིག་གི་ཐུགས་སྲས་ཡིན་པས།

མ་འོངས་པའི་གནས་སྟངས་གང་ཞིག་ན།

ཁྱོད་ནི་ཤེས་རབ་ཀྱི་རལ་གྲི་ཀླད་ལ་གདེང་བའི་རྟུལ་ཕོད་པ་ཞིག་ཡིན་ཤག་ཤག

 

ཁྱོད་དེ་འདྲ་ཞིག་ཡིན་ལོས་དགོས་ཏེ།

ཁྱོད་ཉིད་གསོན་པའི་ཕྱིར་དུ་སྐྱེ་བུ་ཞིག་གི་སྙིང་རུས་མདུང་མོར་གཏད་མྱོངས།

ཁྱོད་ཉིད་འཚོ་བའི་དོན་དུ་གྱད་མི་དེའི་སྲོག་རྩ་ཐེལ་ཙེ་རྒྱབ་ཡོད།

 

ཁྱོད་ནི་གཙུག་ལག་གི་ཤེས་རིག་གླིང་ཡིན།

ཁྱོད་ནི་གཙུག་ལག་གི་ནོར་བུའི་གླིང་ཡིན།

ཁྱོད་ནི་བོད་ཕྲུག་རེ་རེའི་གཟུང་གཞུག་གི་རིང་སེལ་ཡིན།

ཁྱོད་ནི་མི་རིགས་ཤིག་གི་གཙུག་ལག་གི་གཙུག་ལག་གླིང་ཡིན།

   ༢༠༡༦   ༡༡   ༡༥  ཉིན།   ལྷ་ས་ནས།

ཁྱོད་དང་གྱེས་ནས་སྤྱི་ཚོགས་དང་སློབ་གྲྭ་ག་གེ་མོ་རེའི་ཟུར་དང་དངོས་ལ་བཅར་དུས།  ང་ཚོས་ནམ་ཡང་ཁྱོད་ལས་ཐོབས་པའི་ཡི་གེ་སྤྱོད་བྱེད་ཀྱི་སྣག་ཚ་དང་སྨྱུ་གུ་དྲན་ཡོང་།  ང་ཚོས་རྒྱུན་པར་ཁྱོད་ཀྱིས་གནང་བའི་བོད་སྐད་སྤྱོད་བྱེད་ཀྱི་ཞལ་ལྕེ་ངོ་མ་དང་མི་སེམས་དྲང་མོ་དག་དྲན་གྱིན་ཡོད།

ཉི་ཟླའི་མཚམས་ཀྱི་རྡོ་རིང་།                 

གཅན་གསང་ཡེ་ཤེས།

གངས་ཀྱི་ཟོམ་ནས་འཚེར་བའི་བློ་མིག་དེས། ། 

ཡིག་འབྲུའི་ང་རོ་བདེན་པའི་སྟོབས་ཀྱིས་བྲིས། ། 

དེ་ན་སུ་དང་གང་གིས་མི་རྙེད་པའི། །

གཟི་བྱིན་ཚན་ཁ་འབར་བའི་ཨོཾ་ཡིག་ཅིག།།

དེས་ནི་ཕྱོགས་དང་མཚམས་སུ་འོད་སྣང་སྦྱིན། །

དེས་ནི་རིགས་ཀྱི་སྲོག་ཤིང་གནམ་ལ་བཏེགས། །

ཟུངས་ལ་རིགས་ཞེན་གདུ་བའི་གཞོན་ནུའི་ཁྱུ། ། 

མེས་པོའི་བཞུད་ལམ་རིང་མོར་དགའ་བས་འདུར། །

དེ་ནི་སྤོབས་པས་བསྐྱེད་པའི་འོད་ཟེར་ཡིན། །

སྲིད་པར་འཁྱུར་ཁུག་མཆེད་པའི་ཤིས་གླུ་ཡིན། །

དེས་ནི་ཁྱོད་དང་ང་ལ་མིག་ཟུང་སྦྱིན། །

དེས་ནི་ཉི་ཟླའི་མཚམས་སུ་རྡོ་རིང་བསླངས། །

ཞེས་སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་མ་གཅན་གསང་ཡེ་ཤེས་སུ་འབོད་པས་མ་ཡུམ་སློབ་གྲྭའི་སྐབས་ཉེར་གཉིས་པའི་འཁྲུངས་སྐར་ལ་ཕུལ།                            2016/11/15

༄༅། །ཤིས་ཚིག་སེམས་ཀྱི་དབྱངས་རྟ།

དཀའ་སྡུག་རི་མོའི་རེ་ཁ་བཀྲ་བའི། །

མི་ལོ་ཉེར་གཉིས་ཁད་ཀྱིས་བགྲོད་དུས། །

བརྗོད་ཀྱིས་མི་ལོང་གཏམ་རྒྱུད་མོད་པོས། །

གསུབ་མེད་ལོ་རྒྱུས་རྡོ་རིང་བཞེངས་འདུག །


མི་རིགས་ཤིག་གི་བདེ་སྡུག་བསྒོམས་ནས། །

མི་ཚེ་རིང་མོར་གཞན་དོན་གཞོལ་བའི། །

མི་དོན་གཅིག་བུ་ཐུགས་ལ་འཛིན་མཁས། །

མི་བོའི་ཚོགས་ལ་སུ་ཡིས་མི་གུས། །


གངས་ཕྲུག་སྟོང་ལ་རིག་པའི་མིག་ཟུང་། །

ཆེས་ཆེར་འབྱེད་མཁས་སློབ་དཔོན་རྣམ་པའི། །

སྐུ་ཚེ་བསྐལ་བ་རྒྱ་མཚོའི་བར་དུ། །

མི་ནུབ་ཡུན་ནས་ཡུན་དུ་བརྟན་ཤོག །


མ་རིག་མུན་པ་རྒྱང་དུ་གྱེས་པའི། །

མ་ཡུམ་སློབ་གྲྭའི་འཕྲིན་ལས་རྒྱལ་མཚན། །

མི་ནུབ་སྲིད་པའི་མཐའ་ཡི་བར་དུ། །

རིང་ནས་རིང་དུ་རྒྱས་པར་གྱུར་ཅིག །    

༢༠༡༦/༡༡/༡༥ ཕྱི་དྲོ་༼༢༠:༤༠༽ཉི་མ་བླ་བྲང་དུ་གཤེན་ཕྲུག་སངས་རྒྱས་ཀྱིས་གུས་ཕུལ།

ཤིས་ཚིག་མུ་ཏིག་ཕྲེང་བ།

མེས་པོའི་བླ་སྲོག་གསེར་གྱི་སྒོ་མོ་དམ་པའི་རྔུལ་ཆུས་བསྐྲུན་པའི་མཛོད། །

ཐབས་ཤེེས་ཉི་ཟླའི་འོད་སྣང་དཀར་བོ་གངས་རིའི་ལྗོངས་སུ་ལྷག་མར་གསལ། །

ལྔ་རིག་འོ་མ་ཧུབ་ཀྱིས་བཏུང་བའི་གཞོན་པའི་སྨྱུ་གུ་འཁྲུངས་པའི་ཚལ། །

མི་ཉམས་ཟབ་བརླིང་རྒྱ་མཚོའི་མཐའ་བཞིན་བསྐལ་བརྒྱར་བརྟན་ཅིང་རྒྱས་པར་ཤོག།།

__དངུལ་རྭ་བསྟན་འཛིན་དབང་རྒྱལ།

མེས་པོའི་ལམ་བཟང་སྲིད་མཐར་སྐྱོང་བའི་ཤེས་བྱའི་སྐྱེད་ཚལ་ཡངས་པོ་སྟེ། ། 

བཅུ་ཕྲག་གཉིས་རྫོགས་ལང་ཚོ་གསར་བའི་དུས་སྐལ་བཟང་བོ་རབ་རྒྱས་ཤིང་། ། 

མི་ནུབ་བརྟན་པའི་སྨོན་འདུན་ཟབ་མོར་སྒོ་གསུམ་གཙང་མའི་དར་དཀར་གྱིས། །

རབ་སྤྲས་དགའ་བཞིན་མ་ཡུམ་སྐུ་ཚེ་བསྐལ་བརྒྱར་གནས་པའི་བཀྲ་ཤིས་ཤོག།། 

__འཇམ་འབྱངས་ལེགས་བཤད།

མ་ཡུམ་སློབ་གླིང  

ཁྱོད་ནི་ས་གཞིའི་གཤོག་པ་ཡིན  

རླུང་གི་སྐྱོད་ཡ་ཡིན  

ཆུ་ཡི་རྦ་རླབས་ཡིན 

མེ་ཡི་ཟིལ་ཤུགས་ཡིན  

མ་ཡུམ་སློབ་གླིང  

མ་ཡུམ་སློབ་གླིང  

མ་ཡུམ་སློབ་གླིང

__ཆུ་བ་བདེ་དགའ།

  ཤིས་ཚིག་སེམས་ཀྱི་མཆོད་པ།                             

 ཀླུ་སྨྱོན་ཨ་ཙ་ར།༼ཀན་ལྷོ༽

སྔོན་བྱོན་མེས་པོས་ཞབས་ཀྱིས་བཅགས་པའི་ཡང་དག་བོད་ལུང་དམར་བོའི་ཡུལ། །

རི་བོ་ཀུན་ལས་མཆོག་ཏུ་གྱུར་བའི་ཁྱུང་མགོན་ལྷུན་པོའི་རྔམ་བརྗིད་མཛེས། །

རྨ་ཀླུང་སྔོན་མོ་དལ་གྱིས་བགྲོད་པའི་ངང་རྒྱུད་རིང་མོའི་སྒྲ་དབྱངས་སྙན། ། 

རབ་མཛེས་ངུར་སྨྲིག་གོས་ཀྱིས་བརྒྱན་པའི་ཡུལ་དེའི་ལྷ་ཀླུ་གཞི་བདག་མཆོད། །


ས་སྟེང་སྐྱེ་དགུའི་སེམས་ཀྱི་སྡུག་དང་སྐྱབས་ཀྱི་མགོན་པོ་འཚོལ་བའི་གནས། །

མདོ་སྔགས་ཟུང་གི་ལུང་རྟོགས་དམ་ཆོས་ཅི་འདོད་འཇོ་བའི་ཆོས་ཀྱི་སྡེ། །

མ་ཡུམ་སློབ་གྲྭའི་སྐྱིད་སྡུག་འཚོ་བའི་གཡོ་མེད་རྒྱབ་རི་བརྟན་བརླིང་ཅན། །

ལུང་རིགས་གཏེར་མཛོད་དགའ་ལྡན་བཀྲ་ཤིས་ཆོས་ཀྱི་འབྱུང་གནས་རབ་བརྟན་ཤོག །


མ་རུང་སྨག་རུམ་ཡང་ཡང་ཁྲོས་པའི་ས་ཆེན་ཡོམ་ཡོམ་གཡོ་བའི་རྗེས། །

འགྲོ་རྣམས་རྨོངས་པའི་མནར་བ་ཐུགས་ཀྱིས་མ་བཟོད་རྒྱལ་སྲས་བྱང་ཆུབ་དེའི། །

མི་ལོ་དུ་མའི་དཀའ་སྡུག་བགྲང་བྱ་ཞུམ་མེད་སྤོབས་པའི་དང་བླངས་ནས། །

གངས་རིའི་ལྗོངས་ལ་འཇིགས་མེད་རིག་པའི་སྒྲོན་མེ་སྦར་འདི་རྟག་བརྟན་ཤོག །


མི་ལོ་སྟོང་གི་སྒྲོན་མེ་འོད་ཆེན་སླར་ཡང་གངས་རིའི་ལྗོངས་ལ་བསུས། །

ཕ་སྐད་གཙང་མའི་དཔའ་དར་མཐོན་པོ་ཆོལ་གསུམ་ཁ་བའི་ལྗོངས་ལ་བཙུགས། །

གངས་ཕྲུག་གཞོན་ནུ་བརྒྱ་ཕྲག་གནའ་དེང་ཟུང་གི་རིགས་པས་རབ་བརྒྱན་ཏེ། །

རིགས་ཞེན་གཙང་མའི་ཁ་བའི་མེ་ཏོག་གླིང་བཞིའི་ཁྱོན་ལ་ཡོངས་སུ་གཏོར། །


མེས་པོའི་ཡང་དག་སྲོལ་བཟང་རིན་ཆེན་གསེར་གྱི་འགྱུར་མེད་ཀ་བ་ལ། །

མཚན་རིག་དཔྱིད་ཀྱི་ཕོ་ཉའི་གཡས་འཁྱིལ་ཆོས་དུང་དཀར་བོས་རྒྱན་སྤྲས་པའི། །

ལྔ་རིག་ལང་ཚོའི་ཉོམ་ལག་རྒྱས་པའི་ཕུ་ནུ་སྟོང་ཕྲག་བརྩེ་བའི་མ། །

སྙན་གྲགས་བ་དན་མཁའ་ནས་འཕྱོ་བཞིན་དགོངས་གྲངས་ཉེར་གཉིས་སོན་འདི་རྨད། །


དམ་པ་གང་གི་ཐུགས་རྗེའི་སྨོན་ལམ་བྱིན་གྱིས་རླབས་པའི་གནས་མཆོག་དེར། ། 

མི་རིགས་ཤིག་གི་བླ་དང་སྲོག་ལ་གསོན་ཤུགས་སྦྱིན་མཁས་ཤེས་བྱའི་ཚལ། ། 

མ་ཡུམ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་བསྐལ་བའི་བར། ། 

གོ་ལའི་གཙུག་གི་རྒྱན་དུ་གྱུར་བའི་བཀྲ་ཤིས་ཁ་གཡང་གཏན་དུ་འབོད། །


མ་ཡུམ་སློབ་གྲྭའི་མཚན་སྙན་གླིང་བཞིའི་ཁྱོན་ནས་འབར་བའི་བཀྲ་ཤིས་ཤོག །

བཤེས་གཉེན་དམ་པའི་ཐུགས་དགོངས་དབྱར་མཚོ་བཞིན་དུ་རྒྱས་པའི་བཀྲ་ཤིས་ཤོག །

སློབ་གྲོགས་རྣམས་ཀྱི་བརྩོན་པའི་རྟ་ཕོ་བྲག་བཞིན་བརྟན་པའི་བཀྲ་ཤིས་ཤོག །

མདོར་ན་ཁྱེད་སྐུ་མི་འགྱུར་བསྐལ་བའི་བར་དུ་བརྟན་པའི་བཀྲ་ཤིས་ཤོག །


ཅེས་མཐར་ཕྱིན་སྐབས་བཅུ་དགུ་བའི་འཛིན་གྲྭ་གཉིས་པ་སྟེ་བཙན་པོའི་རུ་དཔུང་ཚང་གི་སློབ་བུ་འཇིགས་མེད་གྲགས་པས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་མི་ཡུལ་དུ་འཁྲུངས་ནས་བགྲང་བྱ་ཉེར་གཉིས་སོན་པར་བཀྲ་ཤིས་རྟེན་འབྲེལ་བསུ་བའི་ལེགས་སྐྱེས་ཙམ་གྱི་ཕྱིར་དུ་སྤྱི་ལོ་༢༠༡༦/༡༡/༡༥དགོང་མོར་ཕུལ་བ་དགེ་གྱུར་ཅིག     

བསྟོད་ཚིག་དད་པའི་ཕྲེང་བ།                                 

གངས་ཅན་གཡང་འཚོས།

ཨ་སྔོན་དབྱིངས་ཀྱི་རྒྱ་ཕིབས་སེེར་བོ་དེ། །

ཆུ་འཛིན་དཀར་བོའི་དབུས་སུ་ལྷང་ངེ་བ། །

ནོར་འཛིན་སྒེག་མོའི་ས་ལ་དགེ་བཅུ་ཚང་། །

དཔྱིད་ཀྱི་དཔལ་ཡོན་རྒྱས་པ་གཞོན་ནུས་ཕྱུག།།


ལེགས་བྲིས་དཔའ་བོའི་སྲོག་གི་ལྕགས་ཀྱུ་ལས། །

ཡིད་ཀྱི་མགྲིན་པར་གསེར་གྱི་ཟམ་པ་བཙུགས། །

བཅུ་ཕྲག་རིག་པའི་གནས་ལྔ་མཚོ་ལྟར་འཁྱིལ། །

གངས་ཅན་རིག་པའི་ས་གཞི་བརྟན་ཅིང་བརྗིད། །


ཟྭ་ཆེན་འབྱེད་པའི་ལྡེ་མིག་ཕྱག་ཏུ་བཞེས། ། 

མི་ལོ་དུ་མར་སྐུ་ཚེགས་ཁྱད་དུ་བསད། །

ངེས་དོན་སྐྱེས་ཆེན་དམ་པའི་རྣམ་ཐར་གྱི། །

འཕྲིན་ལས་ཉིན་བྱེད་འོད་ཀྱི་སྐྱ་རེངས་ཤར། །


བྱམས་བརྩེ་འོད་ཀྱིས་ཁེངས་པའི་གནས་མཆོག་ཏུ། །

རྐང་དྲུག་བུང་བ་འབུམ་གྱི་སྙན་དབང་འཇོ། །

ཐོས་བརྩོན་ཤེས་བྱའི་ཟེགས་མའི་རྦ་རླབས་ཀྱི། །

དཔུང་ཚོགས་རིག་པའི་གྲུ་ཆར་དུས་སུ་འབབ། །


ལྷ་གཅིག་འཇལ་དཔལ་གཞོན་ནུའི་ཞབས་དྲུང་དུ། །

ཤེས་རབ་མེ་ལྟར་འབར་བའི་སྨྱུག་ཐོགས་མཛེས། །

རྟ་ཕོ་ལྕག་གིས་སྐུལ་བའི་བློ་ལྡན་པས། །

སྔོན་བྱོན་གོང་མའི་ལོ་རྒྱུས་བྲག་ལ་བསྟར། །


བརྗིད་ཆགས་མ་ཡུམ་སློབ་གྲྭའི་ལྡིང་ག་རུ། །

དགོས་དོན་ནོར་བུ་སྩོལ་བའི་དགའ་སྟོན་ཆེ། །

སྒྲ་ཚད་རིག་པ་སྨྲ་བའི་དཔུང་ཚོགས་ལ། །

ཁོ་བོའི་ལྷག་བསམ་འོ་མའི་སྨོན་འདུན་ཙམ།།     

 ༢༠༡༦/༡༡/༡༥མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།     


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11405939
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།