ཐོན་མིའི་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཚོགས་པའི་དམིགས་ཡུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 6 ཚེས 27 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »ཐོན་མིའི་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཚོགས་པའི་དམིགས་
ཐོན་མིའི་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཚོགས་པའི་དམིགས་ཡུལ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-07-10ལྟ་ཀློག (6306)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཐོན་མིའི་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཚོགས་པའི་དམིགས་ཡུལ།

     

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཚུགས་ནས་ལོ་འཁོར་ཉི་ཤུ་འཁོར་བའི་དགའ་སྟོན་དང་འབྲེལ་ཏེ་ཐོན་མིའི་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུ་ཚོགས་པ་ནི་ངེས་པར་དོན་སྙིང་ལྡན་པ་ཞིག་རེད།  འདིར་ཐོན་མིའི་སློབ་གསོ་ཞེས་པ་ནི་དོན་དངོས་སུ་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལ་ཟེར་བ་ཡིན།འོ་ན་ཅིའི་ཕྱིར་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ཞེས་མི་འདོགས་པར་ཐོན་མིའི་སློབ་གསོ་ཞེས་བཏགས་པ་ཡིན་ཞེ་ན།རང་ཅག་བོད་མི་རིགས་ཡོངས་ལ་བཀའ་དྲིན་གཞལ་མཐའ་བྲལ་བའི་སློབ་དཔོན་ཐོན་མི་སམྦྷོ་ཊ་མཆོག་གི་བཀའ་དྲིན་ཀུན་གྱིས་ཤེས་པར་བྱ་བའི་ཆེད་དུ་ཡིན། འོ་ན་ཐོན་མིའི་བཀའ་དྲིན་ཀུན་གྱིས་མི་ཤེས་སམ་ཞེ་ན།མཁྱེན་དཔྱོད་ཡངས་པའི་མཁས་པ་རྣམས་ཀྱིས་གསལ་བར་མཁྱེན་པ་ནི་སྨོས་མ་དགོས་མོད།འོན་ཀྱང་ཐོན་མིའི་བཀའ་དྲིན་ཅི་ཞིག་མཆིས་པ་མི་ཤེས་མཁན་གྱི་བོད་པ་ཡང་མང་བོ་ཡོད་པའང་དངོས་ཡོད་ཀྱི་གནས་ཚུལ་ཡིན་ནོ།།འོ་ན་ཐོན་མི་ལ་བཀའ་དྲིན་ཅི་ཞིག་ཡོད་ཅེ་ན།དགེ་བའི་བཤེས་གཉེན་ཆེན་པོ་པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས།གང་གི་བསྟན་པ་ཉི་མའི་སྣང་བ་ཆེ།།རྨོངས་པའི་སྨག་ཆེན་གྱིས་ཁྱབ་གངས་ཁྲོད་འདིར།།ལེགས་པར་འདྲེན་པའི་སྔོན་མེད་ཤིང་རྟ་བ།།འཇམ་དབྱངས་ཐོན་མིར་དུས་ཀུན་དང་བས་འདུད།།ཅེས་གསུངས་པ་ལྟར་རྗེ་བཙུན་འཇམ་པའི་དབྱངས་མིའི་རྣམ་པར་རོལ་བ་སློབ་དཔོན་ཐོན་མི་སམྦྷོ་ཊ་དེ་ཉིད་ཀྱིས།མཉམ་མེད་ཐུབ་པའི་དབང་བོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད།ཕྱི་ཁོར་ཡུག་གངས་རིའི་འོད་ཀྱིས་ཁྱབ་ཀྱང་།ནང་སེམས་ཁམས་རྨོངས་པའི་མུན་པས་བཟུང་བའི་བོད་ཀྱི་རྒྱལ་ཁམས་འདིར་ཐོག་མར་སྤྱན་དྲངས་ཏེ་ཉི་མ་ལྟར་གསལ་བར་མཛད་པས།བོད་ལ་ཁྱིམ་མཚེས་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་བོད་མུན་པའི་གླིང་ཞེས་ངན་སྨོད་བྱེད་པའི་ལེའུ་དེ་མཇུག་རྫོགས་པར་བྱས་ཤིང་ཆོས་ལྡན་གྱི་ཞིང་ཁམས་སུ་བསྒྱུར་བ་ཡིན་པས།ཁོང་ནི་སྔོན་མེད་ཀྱི་ཤིང་རྟ་བ་ཆེན་པོ།རང་ཅག་བོད་མི་རིགས་ཀྱིས་མཚོན་བྱང་ཕྱོགས་ཀྱི་མི་རིགས་མང་བོ་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་མ་ཟད།།ལྷག་པར་དུ་གནའ་དེང་ཀུན་ཏུ་རང་ཅག་ཁ་བ་རི་བའི་ཆོས་རིག་སྲིད་གསུམ་མ་ལུས་པ་གསལ་བར་བྱེད་པའི་གཞུང་ལུགས་ཀུན་གྱི་རྩ་བ་འབའ་ཞིག་ཏུ་གྱུར་བ།བོད་བྱིངས་ཀྱིས་བཀོལ་བའི་ཡི་གེ་འདི་ཐོག་མར་སྲོལ་བཏོད་ཅིང་བོད་རང་གི་བརྡ་སྤྲོད་པའི་གཞུང་ཆ་ལག་དང་བཅས་པ་ཐོག་མར་བརྩམས་པས་བློ་གཟུ་བོར་གནས་ན་བཀའ་དྲིན་ཅིའི་ཕྱིར་མི་བརྗོད།འོ་ན་དེ་ལྟར་ཡིན་པ་ཀུན་ལ་མཐུན་པར་གྲགས་པ་ཡིན་ནམ་ཞེ་ན།མཁས་གྲུབ་ཐམས་ཅད་མཁྱེན་པས།གང་དག་ཕྲག་དོག་དུག་ཆུས་མིག་ལོང་ཞིང་།།སྙིང་ནི་ཞེ་སྡང་གདུག་པའི་སྦྲུལ་གྱི་ཚང་།།ཡིད་ལ་འཁྲུལ་བའི་དཀྱིལ་འཁོར་ཡོངས་རྫོགས་པ།།འདི་ཡིས་མི་འཛིན་ལོག་པའི་གཞུང་ལུགས་གང་།།བ་ལང་ཁྱུ་ཡི་འཁོར་གྱིས་ཁེངས་ལྡན་པ།།མཁས་པའི་མདུན་སར་ངོ་ཚ་ཡོངས་བོར་ཏེ།།འབྲེལ་མེད་བྱུང་རྒྱལ་མུ་ཅོར་ལྷུར་ལེན་པ།།འདི་ཡིས་མི་སྨྲ་ལོག་པའི་གཏམ་ནི་ཅི།།ཞེས་དང་།ལྕང་སྐྱ་རོལ་བའི་རྡོ་རྗེས་ཀྱང་།ཕྱོགས་ལྷུང་འཁྱོག་པོའི་ཡིད་ལྡན་དག།ཇི་སྲིད་རང་དང་མ་མཐུན་པ།།དེ་སྲིད་དྲང་སྲོང་མཆོག་ཉིད་ཀྱི།།གསུང་ལའང་མོས་པའི་སྐབས་མ་མཆིས།།ཞེས་གསུངས་པ་ལྟར་རང་རྒྱུད་ཉོན་མོངས་དུག་གསུམ་གྱིས་ཆེས་ཆེར་ལྷད་པའི་དབང་གིས་རྟགས་དང་གཏན་ཚིགས་ཀྱི་སྒྲུབ་བྱེད་གང་ཡང་མེད་ཀྱང་།བབ་ཅོལ་དུ་སྒྲོ་བསྐུར་སྣ་ཚོགས་ཀྱི་ལས་ལ་འབད་ཅིང་རྩོལ་བ་ལ་དགའ་བའམ།ཡང་ན་དམིགས་ཡུལ་གཞན་ཡོད་པས་བསམ་བཞིན་དུ་དངོས་དོན་གྱི་ལོ་རྒྱུས་ལ་བསྙོན་པར་བྱེད་པའི་སྐྱེ་བོ་འགའ་ཞིག་གིས་མི་མཐུན་པར་སྨྲ་བ་སྲིད་ཀྱང་།དེ་དག་ནི་མཁས་པ་རྣམས་ཀྱི་གནས་ལུགས་བཤད་སའི་ཡུལ་དུ་མི་འོས་ཏེ།ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས།ལ་ལ་ཚིག་ཙམ་མཐོང་བས་རློམ་སེམས་བྱེད།།འགའ་ཞིག་ཟེར་སྒྲོས་བྲིས་ཤིང་ཕལ་ཆེར་གྱིས།།ཚིག་དོན་མུན་མདའ་འཕངས་ལ་ཆགས་སྡང་གིས།།རྩོད་ཡིག་དགག་ཡུལ་མིན་ཕྱིར་འདིར་མི་འཆད།།ཅེས་གསུངས་པ་ལྟར་ཡིན་པས་སོ།།འོ་ན་བགྲོ་གླེང་འདི་འཚོགས་དགོས་དོན་ཆེན་པོ་མེད་དེ།མཁས་པ་རྣམས་ཀྱིས་གསལ་བར་ཤེས་ཟིན་ཅིང་།བསམ་བཞིན་དུ་དཀྱོགས་བཤད་བྱེད་མཁན་རྣམས་ལ་བཤད་ཀྱང་རྣ་བ་གཡར་བར་མི་འགྱུར་བས་སོ་ཞེ་ན།མཁས་པ་རྣམས་ཀྱིས་མཁྱེན་ཡོད་པ་བདེན་ན་ཡང་བཀའ་དྲིན་ལ་བཀའ་དྲིན་དུ་ཚོར་དགོས་པའི་གསལ་འདེབས་བྱས་ན་འགལ་བ་མེད་པར་མ་ཟད།བཀའ་དྲིན་ཤེས་མཁན་མང་བོ་ཞིག་ལྷན་གཅིག་ཏུ་འཚོགས་ཏེ་བཀའ་དྲིན་ལྷག་པར་རྗེས་སུ་དྲན་ནས།སློབ་དཔོན་ཐོན་མི་ནས་བརྒྱུད་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་ཉིད་ཇི་ལྟར་ཉམས་པ་སོར་ཆུད་དང་།གནས་པ་གོང་འཕེལ་དུ་གཏོང་བའི་ཐད་ལ་བགྲོ་གླེང་བྱས་ན་ལྷག་པར་དོན་སྙིང་ཡོད་པ་དང་།རྒྱ་མི་རིགས་ལ་སློབ་གསོ་བ་ཁུང་ཙི་ཞེས་པའི་མིང་མི་ཤེས་མཁན་ཞིག་ཕལ་ཆེར་མེད་པ་ལྟ་བུར་གནས་པ་བཞིན་དུ།རང་ཅག་གིས་ཀྱང་ཐོན་མིའི་སློབ་གསོ་ཞེས་པའི་བགྲོ་གླེང་འདི་ལྟ་བུས་མཚོན་ཐབས་སྣ་ཚོགས་ཀྱིས་བོད་རིགས་ཤིག་ཡིན་ཕྱིན་ཡི་གེ་ཡོན་ཏན་ཡོད་མེད་ལ་ལྟོས་པ་མེད་པར་སློབ་དཔོན་ཐོན་མིའི་བཀའ་དྲིན་མི་ཤེས་མཁན་ཞིག་མེད་པ་ལྟ་བུར་བཏང་སྟེ།མ་འོངས་པར་ཡང་བོད་རང་གི་སྲོལ་རྒྱུན་གྱི་རྨང་གཞི་བརྟན་པོར་བཟུང་སྟེ་དེང་རབས་རིག་གནས་ཀྱི་ཉིང་བཅུད་ཚུར་ཇི་ལྟར་ལེན་པའི་ཕྱོགས་ལ་བཀའ་མོལ་ལེགས་པོ་རེ་གནང་རྒྱུའི་དགོས་པ་ཡོད་པས་ཚོགས་འདུ་འདི་ཤིན་ཏུ་དོན་སྙིང་ཆེའོ།།


རྩོམ་སྒྲིག་འགན་ཁུར་བ།  འགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11314261
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།