བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 7 ཚེས 3 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།
བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2016-05-05ལྟ་ཀློག (18981)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།

དང་བོ།   

   ཡུན་རིང་འགྲོགས་ཤིང་འདྲིས་པའི་ཆོས་གྲོགས་དམ་པ་འཇིགས་མེད་རྒྱལ་མཚན་ལགས། ངེད་རང་གཉིས་ནི་སྔོན་གྱི་ལས་དབང་ཞིག་གམ། རླབས་ཆེན་གྱི་བྱ་གཞག་ཅིག་གིས། ལོ་ངོ་ཉི་ཤུར་ཉེ་བའི་རིང་དུ་དཔུང་བ་མཉམ་གཤིབས་ཀྱིས་ལས་ཀ་བསྒྲུབ་པའི་གྲོགས་པོར་གྱུར། ངས་དེ་རིང་འདི་ནས་འདས་སོང་གི་ལོ་ཟླ་ལ་ཕྱིར་དྲན་ཞིག་བྱས་ཚེ། སྐབས་འགར་རང་ཉིད་གཅིག་བུར་གནས་ཀྱང་དགའ་བའི་ཅ་ཅོ་འཆོར་བྱེད་དང་། ལན་རེར་མང་བོའི་གསེབ་ན་སྡོད་ཀྱང་སྐྱོ་བའི་མིག་ཆུ་བཞུརབྱེད་ཀྱི་བྱ་བ་མང་བོ་མང་བོ་ཞིག་དྲན་འོང་ཀིན་འདུག ད་ལྟ་ཁྱོད་ནི་གངས་རིའི་ལྗོངས་ཀྱི་སློབ་གསོ་བ་ཆེན་པོ་དང་། བོད་པ་མང་བོའི་སེམས་ཁོང་གི་སྒྲོན་མེ།  ལྷག་བསམ་གྱི་ཕུང་བོ་མིའི་གཟུགས་སུ་ཤར་བ་སོགས་སུ་བསྔགས་བྱའི་རླབས་ཆེན་གྱི་མི་ཞིག་ཏུ་གྱུར་ཡོད་ཅིང་། དོན་དངོས་སུའང་དེ་ལྟར་བསྔགས་ཆོག་ཆོག་ཅིག་ཡིན་ལ། བདག་ལ་ནི་དེ་ལྟ་བུའི་ཤེས་འཇོན་གང་ཡང་མེད་མོད། འོན་ཀྱང་རང་མི་རིགས་འདི་ཆེས་ཤིན་ཏུ་ཉེན་ཁའི་གནས་སུ་ལྷུང་བའི་གནས་བབ་འདི་སེམས་ཀྱིས་མ་བཟོད་པས། རང་ལ་འཐོབ་འོས་པའི་བགོ་སྐལ་མང་བོ་ཞིག་ཅམ་གྱིས་བཞག་སྟེ་སློབ་གླིང་འདིར་རང་ཉིད་ཀྱི་ཆེས་གལ་ཆེ་བ་གསེར་ལས་ཀྱང་ཆེས་ཆེར་ལྷག་པའི་དུས་ཚོད་དེ་ཡོངས་སུ་བསྟིམས་པ་ཡིན།   

    འོན་ཀྱང་ཉེ་བའི་ལོ་འགའི་རིང་ལ་གཙོ་བོར་འབྱུང་བཞིའི་འདུ་བ་མ་སྙོམས་པའི་ནད་ཀྱིས་ཉེ་བར་འཚེ་བས་སློབ་གྲྭར་དེ་ཙམ་འོངས་མ་ཐུབ། ཡིན་ན་ཡང་ངའི་སེམས་གཏིང་ནས་སློབ་གྲྭ་འདི་ཉིན་གཅིག་ལའང་བརྗེད་མ་མྱོང་། དུས་རྟག་ཏུ་སློབ་གྲྭའི་བདེ་སྡུག་དང་། ནམ་ཡིན་ཡང་སློབ་གྲྭའི་དར་རྒུད་ལ་སེམས་འཁུར་བྱས་པ་ཡིན། གཙོ་བོ་རང་ཉིད་ན་བ་དང་། གཞན་ཡང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ངས་སྙིང་ཐག་པ་ནས་གནང་བ་ཞུས་ཚེ། ཁྱོད་ཀྱིས་སློབ་གྲྭ་འདིའི་མདུན་ལམ་གྱི་ཆེད་དུ། མི་རིགས་འདིའི་དར་རྒུད་ཆེད་དུ། རང་ཉིད་ཀྱི་ཐོབ་ཐང་སོགས་ཡོད་ཚད་ལ་ཅི་མི་སྙམ་པར་ཡོངས་སུ་དོར་ཏེ། ང་ལྟ་བུའི་མི་ཆེས་སྤྱིར་བཏང་བ་ཞིག་གི་སྔུན་ནས་ཀྱང་ལག་ཟུང་ཐལ་མོ་སྦྱར། བུས་མོ་ས་ལ་བཙུགས་ནས། མིག་ཟུང་མཆི་མས་བརྣང་བཞིན་ཞུ་བ་བྱས་ཤིང་བཤོལ་འདེབས་པའི་བརྟུལ་ཞུགས་དང་སྙིང་སྟོབས་དེས་ངོ་མ་ང་ལ་ཡིད་འགུལ་ཐེབས་པར་བྱས། ཁྱོད་ཀྱི་བླ་ན་མེད་པའི་ལྷག་བསམ་དང་རྨད་དུ་བྱུང་བའི་སྙིང་སྟོབས་དེས་ང་རང་སློབ་གྲྭ་འདི་ནས་འགྲོ་དགོས་སྙམ་པའི་དམ་བཅའ་དེ་ལྷག་མེད་དུ་བཅོམ་སོང་། ཆོས་གྲོགས་དམ་པ་འཇིགས་མེད་རྒྱལ་མཚན་ལགས། ཁྱེད་ངོ་མས་གཞན་དང་མི་འདྲ།

      ཞེས་ཁྱེད་ཀྱི་ཆོས་གྲོགས་སུ་གྱུར་བ་བཛྲ་ཚུལ་ཁྲིམས་རྒྱ་མཚོས། སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ་༧པའི་ཚེས་༡༦ཉིན་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནས་གུས་ཕུལ།

གཉིས་པ།  

   ངའི་སེམས་ཁོང་ན་ནོར་བུ་ལྟར་བཞུགས་པའི་ཆོས་གྲོགས་དམ་པ་ཨ་ཁུ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས།  ཁྱེད་ཀྱིས་བདག་ལ་བསྐུར་བའི་འཕྲིག་ཡིག་དེ་བདག་གིས་མཐོང་དུས་མཚན་མོའི་ཆུ་ཚོད་བཅུ་གཅིག་ལྷག་རེད།  འཕྲིན་ཡིག་དེས་ང་ལ་ཡང་བསྐྱར་འུ་གཉིས་ཀྱི་ལྷད་མེད་དུང་སེམས་ཀྱི་མཆོད་རྟེན་ལ་གསེར་གྱི་སྒོ་རྒྱན་ཞིག་སྤྲད་སོང་།  མཚན་མོ་དེར་དགའ་སྐྱོ་ཟུང་གིས་ཡིད་སེམས་བརྣངས་ཏེ་ཡུན་རིང་བོའི་བར་མལ་ཁང་སྟོང་བའི་ནང་དུ་མིག་ཆུ་གྲངས་མེད་འཐོར་དགོས་བྱུང་།  འུ་གཉིས་ལ་མཚོན་ན་ཆུང་བསྡུས་གྲྭ་ནས་བཟུང་དབང་ལུང་མན་ངག་སོགས་དམ་ཆོས་འོ་མའི་བདུད་རྩི་གང་མང་ཞིག་མཉམ་དུ་འཐུང་ནས་བླ་མ་གཅིག་གི་སློབ་མ་དང་དགེ་རྒན་གཅིག་གི་དགེ་ཕྲུག་ངོ་མར་གྱུར།  དེ་ནི་སྔོན་བསགས་ཀྱི་བསོད་ནམས་དང་ལས་སྨོན་གྱི་མཐུ་ལས་བྱུང་བར་བསྙོན་ཏུ་མེད།  ཡ་མཚན་པ་ཞིག་ནི་ཕ་བླ་མའི་བཀའ་གྲོས་གཅིག་ཏུ་མཐུན་ཞིང་དྲིན་ཕ་མའི་ཐུགས་དགོངས་གཅིག་ཏུ་འཁྲོལ་ནས་རང་བྲོ་ཁུག་མ་དང་རང་རྟ་སྒ་འཛིན་གྱི་ཚུལ་གྱིས་རྭ་རྒྱ་བཀྲ་ཤིས་ལྗོངས་ཀྱི་ཡ་ཕུག་འབྲུ་དྲུག་ཐང་དུ་རླབས་ཆེན་དམིགས་ཡུལ་གྱི་འོ་ཆུ་གཅིག་ཏུ་འདྲེས་ཤིང་དུང་སེམས་གསེར་ནག་གི་ཐག་པས་དམ་དུ་བཅིངས་ཏེ་ལོ་ངོ་ཉི་ཤུར་ཉེ་བའི་རིང་དུ། སྡུག་གི་ཁུར་བོ་མཉམ་ཁུར་དང་སྐྱིད་ཀྱི་རྟ་བོ་མཉམ་ཞོན་བྱས།  ཁྱེད་ནི་ང་དང་མི་མཚུངས་པར་ཤེས་རིག་གི་ཁོ་ལག་ཡོངས་སུ་རྒྱས་ཤིང་དགེ་བཤེས་ཀྱི་ཁྲི་འཕང་མདུན་དུ་གནས་ཀྱང་། ། དེ་དག་ཐམས་ཅད་རིང་དུ་བཞག ཁྱེད་ཀྱིས་མི་རིགས་ཤིག་གི་འཕེལ་རྒྱས་དང་རྒྱང་རིང་གི་དམིགས་འདུན་དམར་བོ་ཞིག་སྙིང་ལ་བཅངས་ཏེ་ཐ་ན་ཁྱེད་རང་གི་མ་དྲིན་མོ་ཆེ་ལ་ཤི་ངོ་ཙམ་ཡང་མ་འཕྲད་པར་སློབ་མ་བསྐྱངས།  ཁྱེད་ཀྱི་མི་རིགས་ལ་བཟུང་བའི་ལྷག་བསམ་གྱིས་ང་ཚོ་དགེ་སློབ་ཡོངས་ལ་མི་འཇིགས་པའི་སྤོབས་པ་གནང་སོང་།  ཁྱེད་ཀྱིས་ཐོབ་ངེས་ཀྱི་ནོར་བུ་གང་མང་རྒྱབ་ཏུ་བསྐྱུར་ནས་ཉམས་ཆུང་གི་བོད་རིགས་བྱིས་པ་ཅི་མང་ལ་ཤེས་རིག་གི་སྒྲོན་མེ་བསྒྲོན།  ཡིན་ནའང་ཉེ་བའི་ལོ་ངོ་འགའི་རིང་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་བསོད་ནམས་ཀྱི་མཐུ་ནུས་ཞན་པ་དང་སྐུ་ཡི་རིམ་གྲོས་མ་འདང་བར་བརྟེན་གང་སྐུའི་འབྱུང་ཁམས་ལ་མི་འདོད་པའི་ཉེ་བར་གཙེ་བས་སློབ་གླིང་ནས་རེ་ཞིག་གྱེས་དགོས་བྱུང་སོང་།  དུས་ཡུན་དེར་བདག་ནི་ཐང་དཀར་རྒོད་པོའི་གཤོག་ཡ་ཆད་པ་བཞིན་ཕུགས་སུ་བཞུགས་པའི་རྒན་པ་མེད་ལ།  རྒྱབ་ལ་བརྟེན་སའི་བྲག་རི་མེད།  མཚམས་ལན་རེར་སྐྱོ་བས་མནོན་ཏེ་མིག་ཆུ་དབང་མེད་དུ་ཤོར་ཡང་ཁྱེད་ལ་སེར་སྣ་སྐྱེས་ནས་ཞུ་བའི་སྤོབས་པ་ཉམས།  སྐབས་འགར་ལུས་སེམས་ངལ་ནས་ས་ལ་འགྱེལ་ཡང་ནག་ཕྱོགས་ཀླ་ཀློ་དགའ་བར་དོགས་ནས་རྐང་བཞི་ཕྱུགས་ཀྱི་བརྟུལ་ཞུགས་བཟུང་།  གང་ལྟར་ཁྱེད་མེད་ན་ངའི་ཡ་ཆུང་ཁོག་པ་སྟོང་བ་ཡིན་ལ། ཁྱེད་མེད་ན་གསེར་སྐུ་ལི་མར་གཟུངས་གཞུག་མེད།  སྤྱིར་ཡིན་ན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་ཉི་ཤུ་བ་ནི་སློབ་གླིང་འདི་འཕེལ་རྒྱས་ཀྱི་འགག་རྩ་དང་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་མོད།   འཁྲུངས་སྟོན་གྲོལ་བའི་ཕྱི་ཉིན་གྱི་མཚན་མོར་ཁྱེད་ཀྱིས་ང་ལ་གློ་བུར་དུ་ཁ་པར་བཏང་ནས་ངའི་སྡོད་ཤག་ཏུ་ཡོང་དགོས་རབས་གསུངས་སྐབས་བདག་ལ་གང་ཡིན་མི་ཤེས་པའི་ཚོར་བ་ཁྱད་པར་བ་ཞིག་སྐྱེས་སོང་།  ཁྱེད་ཕེབས་ནས་སློབ་གྲྭ་ནས་གནང་བ་དགོས་ཚུལ་གྱི་ཚིག་འགའ་གསུངས་པ་ནས་བཟུང་ངའི་ཡ་ཆུང་གི་གློ་སྙིང་ཕྱི་རོལ་དུ་ཕྱུང་བ་བཞིན་ཅི་བྱ་གཏོལ་མེད་དུ་གྱུར།  ངས་རང་སེམས་ནང་དུ་བཀུག་ནས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ལ།  ངས་མིག་ཟུང་མཁའ་རུ་བགྲད་ནས་འཇའ་ཚོན་རི་མོར་དབྱེ་ཞིབ་བྱས།  གང་ལ་དཔྱད་ཀྱང་གང་ནས་བལྟས་ཀྱང་། འདི་ནི་ནག་ཕྱོགས་དགའ་བའི་དགའ་སྟོན་ཡིན་ལ།  དཀར་ཕྱོགས་ཉམས་པའི་སྔ་ལྟོས་སུ་བསམས་ནས་བོད་མི་རིགས་ཀྱི་བདེ་སྡུག་དང་ཤེས་རིག་ནོར་བུའི་སློབ་གླིང་གི་འཕེལ་རྒྱས་ལ་དམིགས་ཏེ་ཁྱེད་ཀྱི་མདུན་དུ་ངས་པུས་མོའི་ལྷ་ང་ས་ལ་མི་འཛུགས་ག་མེད་དུ་གྱུར།  རེད་ཡ།  ཁྱེད་ཀྱིས་རྒྱལ་སྲས་ཀྱི་སྤྱོད་པ་ཕྱི་རུ་མངོན་ལ་སྙིང་རྗེ་ཡི་གཤོག་ཡངས་མཐའ་རུ་བསྐྱངས་སོང་།  ཡང་བསྐྱར་ཤེས་རིག་གི་སྒྲོན་མེ་བསྒྲོན་པར་ཞལ་བཞེས་གནང་སོང་། རང་ཉིད་ཀྱི་ལུས་སྲོག་གི་ཉེན་ཁ་ཕ་མཐར་བཞག་ནས་གཞན་དོན་གྱི་ནོར་བུ་འཁུར་མཁན་དེ་ཁྱེད་ལས་སུ།  རྐྱེན་ངན་བར་ཆད་ཀྱི་གཡང་གཟར་ཟབ་མོ་དེ་གཞན་དོན་བྱང་ཆུབ་ཀྱི་གཞུང་ལམ་ཆེན་མོར་འཁྲིད་མཁན་དེ་ཁྱེད་ལས་སུ།  མདོར་ན་ཁྱེད་ཀྱི་ཐབས་མཁས་ཐུགས་རྗེ་ཡི་མཐུ་ལ་བརྟེན་ནས་ངེད་དགེ་སློབ་ཡོངས་ལ་ཟད་མི་ཤེས་པའི་སྤོབས་པ་དང་སྤྲོ་བ་གནང་སོང་།  ཇི་འདྲའི་དགའ་བ་ལ་ཨང་། ཇི་འདྲའི་སྤྲོ་བ་ལ་ཨང་། ད་ནི་ཤེས་རིག་ནོར་བུའི་སློབ་གླིང་སྔར་ལས་རྒྱས་ཤིང་སྔར་ལས་དར་བའི་ཡིད་ཆེས་གང་།  ཐེངས་འདིར་རྟེན་འབྲེལ་གྱི་སྒོ་མོ་ཕྱོགས་ཀུན་ནས་འཛོམས་ལ་ཁྱད་པར་ཏུ་ངེད་ཅག་གི་དུང་སེམས་མར་ཁུའི་མཚོ་མོ་དེ་སྔར་ལས་ལྷག་པའི་གཏིང་ཇེ་ཟབ་ཏུ་སོང་ཡོད་པས་ང་ཚོའི་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་བརྟན་དང་ཇེ་མགྱོགས་སུ་འགྲོ་བར་གདོན་མི་ཟ།  མཐར་བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། ངའི་བཅོས་མིན་གྱི་ལྷག་བསམ་དང་། སློབ་གླིང་འདི་གའི་སློབ་བུ་ཡོངས་ཀྱི་དད་དམ་གཙང་མའི་བྱིན་མཐུ་ལ་བརྟེན་ནས་ཁྱེད་ཀྱི་སྐུ་ལུས་གསལ་དྭངས་ཡོང་བ་དང་ཇི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུ།

     ཞེས་ཆོས་གྲོགས་འཇིགས་མེད་རྒྱལ་མཚན་གྱིས་མགོ་ལོག་རྟ་བོ་ནས་ཉིས་སྟོང་བཅུ་བཞི་ལོའི་སྤྱི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ལ་གུས་ཕུལ།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 8 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།   སྤེལ་མཁན།: རྔ་བ་ལྷུན་སྤོས། སྤེལ་དུས:2016/5/6
རྭ་རྒྱའི་སློབ་གླིང་གི་གྲགས་སྐད་སྔར་ནས་བྱུང་ཞིང་ད་བར་འཇགས་མ་མྱོང་བ་ལྟ་བུ་ཞིག་ཡིན། རྒན་འཇིགས་མེད་རྒྱལ་མཚན་དང་བཛྲ་ཚུལ་ཁྲིམས་ཁོང་རྣམ་གཉིས་ཀྱི་བྱས་འབྲས་ལའང་མཐོང་ནས་དད་པ་མེད་ཀྱང་ཐོས་ཞིང་དཔག་པས་ཡི་རང་ཞུ་བཞིན་ཡོད། ཡིན་ན་ཡང་བྱ་དངོས་གང་ཡིན་ལ་ངོས་མང་པོ་ཞིག་དང་མི་སྣ་མ་འདྲ་བར་མཐོང་སྣང་མི་འདྲ་བ་རེ་ཡོང་རྒྱུ་ནི་ངེས་གཏན་ཞིག་ཡིན་ན་ཡང་། རྭ་རྒྱའི་རྔ་བོ་ཆེ་ལས་བསྟོད་བསྔགས་རྐྱང་བ་ཞིག་ལས་ཅི་ཡང་མི་གྲག་པ་འདི།རྔ་བ་ཆེའི་ཡོན་ཏན་མ་ཡིན་གྱི་ཞན་ཆ་ཆེས་ཆེ་བ་ཞིག་དང་བསླུ་བྲིད་ཀྱི་རྟགས་མཚན་ཞིག་མིན་ནམ་སྙམ་དུ་ཁོ་བོ་སྔར་ནས་དོགས་ཤིང་ད་ལྟ་ཡང་ཐེ་ཚོམ་གྱི་གནས་སུ་ཡོད།གང་ཡིན་ཟེར་ན་བསྟོད་བསྔགས་ཀྱི་སྒྲ་ལས་ཅི་ཡང་མི་འབྱུང་བ་འདིས་ཅི་ཞིག་མཚོན་གྱི་ཡོད་པ་རེད་ཟེར་ན།འདིས་ནི་ཕྱོགས་གཅིག་གི་སྐད་སྒྲ་ཙམ་ཞིག་སྦུན་པ་ཇི་བཞིན་དགུང་ལ་འཕྱར་གྱི་ཡོད་པ་ཤེས་ཐུབ་པ་ཡིན།མ་རེད་དམ།རྔ་བོ་ཆེ་ལས་སྐད་སྒྲ་སྣ་གཅིག་ལས་ཅི་ཡང་གྲག་གི་མེད་ན་འདི་ཅུང་ཟད་ཡ་མཚར་བ་ཞིག་མ་རེད་དམ།དཔེར་ན་ད་རེས་ཀྱི་འཕྲིན་པ་ཚན་པ་གཉིས་ཀྱང་གཤམ་གྱི་མི་སྣ་ངོམ་འདོད་ཆེ་བ་དག་གི་འུད་བསྟོད་དང་ཚད་ལས་བརྒལ་བའི་གྲགས་སྐམ་ཙམ་ཞིག་ལ་རེ་ནས་བེད་སྤྱད་པ་ཞིག་རེད། ཁོང་མཛངས་དཀྱེལ་ཆེའི་འཇིགས་མེད་རྒྱལ་མཚན་གྱི་མི་གཞི་ལ་དཔག་ན་འདི་འདྲ་བ་ནི་ཁོང་གི་ཐུགས་བཞེད་མིན་ཚོད་རེད། གང་ཡིན་ཟེར་ན་ཁོང་ནི་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་བྱེད་མཁན་ཞིག་ལས།གྲགས་པ་སྐམ་པོ་ཞིག་ལ་ཤི་འཐམས་རོ་འཐམས་བྱེད་མཁན་དེ་འདྲ་ཞིག་ཡིན་མདོག་མི་འདུག །དེ་དང་བསྡུར་བ་ཡིན་ན་ཁོང་གི་ཕྱག་རྗེས་ཀྱི་ཟླ་གཟུགས་ལ་བརྟེན་ནས་སམ།སློབ་གྲྭའི་མིང་སྙན་པོ་ལ་བརྟེན་ནས་རང་ཉིད་ཀྱི་མིང་གི་རབ་རིབ་ཟླ་བའི་དཀྱིལ་འཁོར་ལ་འགོད་མཁན་ནི་ཧ་ཅང་མང་པོ་ཞིག་ཡོད་ཚོད་རེད།དཔེར་ན་ནང་བཅུད་དེ་ཙམ་མྱང་དུ་མེད་པའི་དཔེ་དེབ་ཀྱི་འབྲས་གཟུགས་མང་དག་ཅིག་བོད་པའི་ཚོང་ཁྲོམ་གང་སར་མཐོང་དུ་ཡོད་པ་ལྟ་བུ།དོན་ལ་མ་རག་གོང་ནས་མིང་ལ་རྔམ་པའི་བརྡ་ཁྱབ་འདྲ་མིན་གྱིས་དྲ་ལམ་འཚངས་པ་ལྟ་བུ།གཤོག་རྩལ་མ་རྫོགས་གོང་ནས་བྱ་རྒྱལ་རྒོད་པོའི་སྙན་པ་རྫོགས་པའི་མཁས་མིང་འཛིན་པ་མང་དུ་བྱུང་བ་ལྟ་བུ་རེད།མང་པོ་འབྲི་རྩིས་ཡོད་དེ་འབྲི་ཁོམ་བྱུང་མ་སོང་། ལྷག་བསམ་གྱིས་བསྐུལ་བ་ཞིག་ལས་ངན་པ་ཁོག་བཅངས་ཀྱི་དོགས་པ་གང་ཡང་མི་དགོས།ངེས་པ་དོན་གྱི་མཁས་པ་མང་རའི་རྒྱ་གྲོལ་དང་ལྷག་བསམ་ཅན་རྒན་འཇིགས་མེད་རྒྱལ་མཚན་སོགས་ཀྱི་ཆེ་མཐོང་ལ་བསམས་ཏེ་དེ་ཙམ་ལས་མ་བྲིས་པ་ཡིན།དགོངས་པ་མ་ཚོམས་རོགས།རྔ་བ་ལྷུན་སྤོས་སམ་ཤེས་རབ་བཟང་པོར་འབོད་པས།༢༠༡༦/ཕྱི་ཟླ་༥/༦
  བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།   སྤེལ་མཁན།: མཛོད་དགེ་བ་ཉི་ཟེར། སྤེལ་དུས:2016/5/5
༧ སློབ་དཔོན་རྣམ་པ་གཉིས་ཀྱིས་ཕན་ཚུན་ལ་སྤྲིངས་པའི་འཕྲིན་པ་འདིའི་ནང་དུ་བཀོད་པའི་ཡིག་འབྲུ་རེ་རེ་ལའང་བོད་ཁ་བ་ཅན་གྱི་ཆོས་སྲིད་རིག་གནས་ལ་བཅངས་པའི་ཞུམ་མེད་སྙིང་སྟོབས་དང་བཅོས་མིན་གྱི་ལྷག་བསམ་ཤར་ཡོད། དོན་དངོས་སུ་ཁོང་རྣམ་པ་ཚོ་ལྟ་བུའི་མཛད་རྗེས་ཅན་དང་སྙིང་སྟོབས་ཅན་ག་ཙམ་ཡོད་དམ། ལག་ལེན་རྡུལ་ཕྲན་ལས་མེད་ཅིང་ཁ་ཕོ་རི་རབ་ལས་ཆེ་བ་དག་གིས་ལྟོས་ཤིག ཁོང་རྣམས་པའི་སྐུ་ཚེ་བསྐལ་བའི་བར་དུ་བརྟན་ཅིང་མཛད་འཕྲིན་གླིང་བཞིའི་ཁྱོན་ལ་ཁྱབ་པར་ཤོག་ཅིག🙏🙏🙏
prednisolone 20 mg posologie waltersgarage.com prednisolone 20 mg posologie
  བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།   སྤེལ་མཁན།: ཉི་འོད། སྤེལ་དུས:2016/5/5
འཕྲིན་ལས་ཀྱི་གཟུཌ་ཕུང་གཅིག་བསྡུས་ཀྱི་རང་བཞིན་མཛའ་བརྩེའི་གསེར་ཐག་མི་ལྷོད་པའི་སྣེ་མོ་རེ་རེར་ཡང་རང་རིཌ་གཞོན་སྐྱེས་བགྲང་ཡས་ཀུན་ལ་རྗེས་བརྩེའི་ཀྱོ་བས་དམ་དུ་འཛིན་པའི་ཐུཌ་རྗེའི་བདག་ཉིད་ཅན། གང་གི་མཚན་ཙམ་རྣ་ཐོས་བྱུང་བས་ཀྱང་ལུས་ཅན་ཀུན་ལ་བདེ་བའི་གོ་སྐབས་འབད་མེད་སྩོལ་མཛད་དགེ་བའི་བཤེས་གཉེན་ཆེན་མོ་ཟུང་གི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་ཐར་ཚུལ་ལ་རང་ཅག་སོ་སྐྱེ་གང་གིས་འདི་ཞེས་བརྗོད་པར་ག་ལ་སྤོབས། འོན་ཀྱང་གང་གི་ཕན་ཚུན་ཐུཌ་ནང་གཤིན་པའི་མཛའ་བརྩེའི་བསླབ་སྟོན་ཟབ་མོའི་འོད་ཞགས་རེས་ཀྱང་བདག་ཅག་ཞར་ཡང་རང་རིཌ་མངོན་འདོད་འགྲུབ་ལ་རེ་བའི་སེམས་ལ་དམ་དུ་འཁྱུད་ཅིང་རེ་བའི་དམིགས་བུ་གཏོད་པར་ནུས་ལ་བསམ་བཞིན་དགའ་སྐྱོ་ཟུང་གི་མཆི་མའི་དོག་པ་བྲང་གི་རྒྱན་དུ་དགོད་པར་ཟད། ཅེས་རང་གིས་རང་ལ་དགའ་བ་གསོ་བའི་ཚུལ་དུ་བྲིས་སོ།
online viagra coupons gallaghermalpractice.com new prescription coupons
  བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།   སྤེལ་མཁན།: འཇུ་ཧེ་རུ་ཀ སྤེལ་དུས:2016/5/5
འཕྲིན་ཡིག་ཚན་པ་འདི་གཉིས་བཀླགས་རྗེས་ཀྱི་སྐད་ཆ། གངས་ལྗོང་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་བའི་བཤེས་གཉེན་རྣམ་པ་དང་སྙིང་ཉེ་བའི་སློབ་གྲོགས་རྣམ་པ། བོད་རང་གི་བསམ་བློ་དང་ཀུན་སྤྱོད་གཙོ་བོར་གྱུར་བའི་སྲོལ་རྒྱུན་རིག་གནས་དག་ཉིན་རེ་ལས་ཉིན་རེར་ཉམས་རྒུད་དུ་འགྲོ་བཞིན་པའི་སྒང་འདིར། རྒྱལ་གཉེར་སློབ་གྲྭ་དག་ན་ནི་གུང་ཁྲན་ཏང་གི་སློབ་གསོ་མ་གཏོགས་ཅི་ཡང་མེད་པའི་དུས་འདིར། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་ཀྱི་རིག་གནས་ལ་ཁ་ཚ་དགོས་གཏུགས་ཀྱིས་ཕན་ཐོག་པའི་བོད་ཀྱི་སློབ་གསོ་བའི་སྡེ་ངོ་མ་དེ་ཡིན་པར་ཁ་ཚོན་བཅད་ནས་བཤད་ན་ཆོག དེ་བས་ཀྱང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རིག་པའི་སྙིང་སྟོབས་དང་སྐྱེས་ཆེན་དམ་པ་དག་གི་ཞབས་རྗེས་ནི་བརྗོད་དུ་མེད་ལ་ལྷག་བསམ་ཟོལ་མེད་ཀྱིས་བུས་མོ་ས་ལ་བཙུགས་ནས་སྤྱན་ཆབ་བཞུར་བ་འདིས་ཀྱང་ཤེས་རིག་ནོར་བུའི་སློབ་གླིང་གི་སྙིང་སྟོབས་དང་ཁོང་ཚང་གི་བརྩེ་བ་མཚོན་ཡོད།
  བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།   སྤེལ་མཁན།: རྐང་ཚ་ཤེས་རབ་རྒྱ་མཚོ། སྤེལ་དུས:2016/5/5
གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་མངའ་ཞིང་། མདོ་སྔགས་རིག་གནས་དང་བཅས་པ་གདུལ་བྱ་འདུལ་བའི་ཐབས་སུ་འཁྱེར་ཤེས་པ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མས་དབེན་པའི་ངེས་དོན་གྱི་ཤཱཀྱའི་དགེ་སྦྱོང་འདི་དག་གིས་ནི་ཐུ་བྷོད་ཚང་གི་མ་འོངས་པའི་བདག་པོ་བགྲང་གིས་མི་ལང་བ་ཞིག་ལ་དམ་ཆོས་འོ་མའི་ཉིང་ཁུ་ཕ་ནོར་བུ་ལ་བདོག་པ་བཞིན་ཕངས་མེད་དུ་བསྩལ་བའི་སྦྱིན་པ་དང་། དེ་ལ་ཡང་རྙེད་བཀུར་སྙན་གྲགས་སོགས་མི་མཐུན་ཕྱོགས་མཐའ་དག་བསྲུངས་པའི་ཚུལ་ཁྲིམས། གདུལ་བྱའི་ལོག་སྒྲུབ་དང་ནད་གདོན་ཉེར་འཚེ་སོགས་གང་ལའང་མི་སྐྱོ་བའི་བཟོད་པ། དེ་ལྟའི་ཉམས་ལེན་དུས་ནས་དུས་སུ་སྐྱོང་ལ་སྤྲོ་བའི་བརྩོན་འགྲུས། དེ་ལ་ཡང་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། དེ་དག་གིས་རློམ་སེམས་མེད་པའི་ཤེས་རབ་སོགས་མདོར་ན་ཕར་ཕྱིན་དྲུག་ལྡན་གྱིས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་ཐར་སྐྱོང་བཞིན་པའི་ངོ་མཚར་བའི་མཛད་བཟང་དག་ནི་གཟུར་གནས་སྐྱེ་བོ་དག་གིས་གོང་གི་འཕྲིན་ཚན་འདི་གཉིས་ལས་ཀྱང་རྟོགས་ཐུབ་པར་མ་ཟད། འདི་ལས་ཀྱང་ལྷག་པའི་མིག་མཐོང་ལག་ཟིན་གྱི་རྟགས་ཡང་དག་ནི་བགྲང་གིས་མི་ལང་པ་ཞིག་མཆིས་པ་བདག་འདྲས་མཐོང་རྒྱ་ཆུང་ཞིང་ཁོང་རྣམ་པ་གཉིས་ཀྱི་བུ་སློབ་སོགས་གང་ཡང་མ་ཡིན་པ་ཞིག་གིས་ཀྱང་རྒྱང་ནས་མཐོང་ཐུབ་པ་ལགས་ན། རྣམ་པ་གཉིས་ཀྱི་བུ་སློབ་དང་གཟུར་གནས་བློ་ལྡན་རྣམས་ཀྱིས་ཇི་བཞིན་གཟིགས་ཏེ་དད་གུས་ཡི་རངས་དང་བསྔགས་བརྗོད་མེ་ཏོག་གཏོར་བཞིན་ཡོད་པ་སྨོས་ཅི་དགོས། 🙏🙏🙏 ༢༠༡༦/༥/༥ཉིན་མདོ་སྨད་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་རྐང་ཚ་ཤེས་རབ་རྒྱ་མཚོས་གུས་ཕུལ།
viagra coupons from pfizer discount prescription drug cards coupon viagra
  བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།   སྤེལ་མཁན།: སྨན་ཤུལ་ཐབས་མཁས། སྤེལ་དུས:2016/5/5
བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས་བཀླགས་རྗེས་ཀྱི་མྱོང་ཚོར། སློབ་དཔོན་རྣམ་པ་གཉིས་ཀྱི་རང་གཤིས་ལྷན་སྐྱེས་ཀྱི་ཡོན་ཏན་དང་། ཕན་ཚུལ་ལ་ཡིད་ཆེས་ཀྱི་མཛའ་བརྩེ། རླབས་ཆེན་གྱི་སྙིང་སྟོབས། ད་དུང་སློབ་གླིང་ལ་བཅིངས་པའི་ལྷག་བསམ་སོགས་འཕྲིན་ཡིག་གི་ཚིག་འབྲུ་རེ་རེའི་བར་གསེང་ན་རིན་བྲལ་གསེར་ནག་གི་ཚགས་ཤད་རེ་རེས་རྒྱ་བཏབ་པ་མཐོང་བས་་་་་སློབ་དཔོན་འདི་དག་གི་མཛད་སྤྱོད་ལ་གུས་པ་བདག་གི་ཡངས་པའི་དྲན་འཛིན་གྱི་གཞི་ཁྱོན་ལ་དད་གུས་ཀྱི་སྨོན་པའི་སྨུག་སྤྲིན་འཐིབས་ཤིང་། མགྲིན་པ་བརྣག་ཞིང་དགའ་སྐྱོ་འདྲེས་མའི་ཆུ་འཛིན་གྱི་ཀློང་ནས་ཚོར་འདུ་ཟབ་མོ་སྦྲང་ཆར་ཟིམ་མས་འདྲེན་བྱེད་ཀྱི་མིག་ཟུང་རབ་རིབ་ཏུ་བཏང་། མི་ཚེའི་སྤྲང་འཁྱམ་གྱིས་འཚོ་བ་རང་དོན་ཁོ་ན་ལ་ཕྱོགས་པའི་ཡུལ་གྱར་བ་བདག་ལྟ་བུས། ཁྱེད་ཅག་གིས་མི་རིགས་དང་། སྐད་ཡིག་ཆོས་དང་རིགས་གཞུང་གི་ཆེད་དུ་ཡོད་ཚད་གཏོང་བཞིན་པའི་རླབས་ཆེན་གྱི་བྱ་བཞག་འདི་ལ་ཡིད་ཀྱིས་སྨོན་པ་ཙམ་ལས་ཅི་ཡང་མ་ནུས། 🙏🙏🙏 ལྷོ་ཕྱོགས་མཐའ་ཡས་རྒྱ་མཚོའི་ཉེ་འགྲམ། རི་བོ་མ་ལ་ཡ་ཡའི་འདབས་རོལ་ནས་སྨན་ཤུལ་ཐབས་མཁས་ཀྱིས།
  བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།   སྤེལ་མཁན།: རྭ་རྒྱ་བློ་བཟང་ཆོས་འཕེལ། སྤེལ་དུས:2016/5/5
མིག་ཆུ་དང་ལྷན་དུ་རྒན་དམ་པ་གཉིས་ཀྱིས་ཕན་ཚུན་ལ་སྦྲེངས་པའི་འཕྲིན་འདི་བཀླགས་པ་ཡིན། སྤྱིར་ན་སློབ་གླིང་འདི་དང་རྒན་དམ་པ་རྣམས་ཀྱི་མཛད་རྗེས་སྐོར་ནས་མང་བོ་ཞིག་གླེང་བསམ་ཡང་རྩོམ་ཡིག་འདི་བཀླགས་སྟབས་མགྲིན་པ་བརྣངས་ཏེ་བརྗོད་ཐུབ་ཀྱི་མི་འདུག དེས་ན་མཐར་མ་ཡུམ་སློབ་གླིང་འདི་དང་འདིའི་དབུ་བཞུགས་རྒན་དམ་རྣམས་ཀྱི་སྐུ་ཚེ་ཁྲི་ལོར་ཤོག
online viagra coupons gallaghermalpractice.com new prescription coupons
  བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས།   སྤེལ་མཁན།: ལྡོང་ཡོན་ཏན་རྒྱ་མཚོ། སྤེལ་དུས:2016/5/5
ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་རྣམ་པ་སྐུ་ཁམས་བཟང་། ངས་བཅོས་མིན་གྱི་དུང་སེམས་གཟུགས་སུ་ཤར་བའི་འཕྲིན་ཡིག་ཚན་པ་གཉིས་པོ་བཀླགས་ཚར་མ་ཐག་ཡིན། སློབ་དཔོན་རྣམ་གཉིས་ཀྱི་མཛའ་བརྩེ་དང་ཐུགས་སྟོབས་སོགས་ང་ལ་ཆ་རྒྱུས་མེད་པ་ག་ལ་ཡིན་མོད། འཕྲིན་ཡིག་གཉིས་ཀྱི་ཡིག་འབྲུ་རེ་རེས་ང་ཚོ་དགེ་སློབ་ཡོངས་ལ་ཟད་མེད་ཀྱི་སྤོབས་པ་དང་ཚད་མེད་བདེ་སྐྱིད་བསྩལ་འདུག ཁ་བ་གངས་ཅན་པ་ཚང་ལའང་སེམས་འཛིན་གྱི་ཚིག་དང་རུམ་འཛིན་གྱི་བྲོ་ཁྱད་པར་བ་ཞིག་གནང་འདུག ང་ཚོ་དུས་ནམ་ཡང་ཁོང་རྣམ་གཉིས་ལྟ་བུའི་སྐྱེས་ཆེན་དག་གི་མཛད་པ་དང་ཐུགས་གཤིས་ལ་སློབ་སྦྱོང་དང་མིག་ལྟོས་བྱེད་བཞིན་མདུན་དུ་འགྲོ། མཐའ་མེད་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་ནས་ལྡོང་ཡོན་ཏན་རྒྱ་མཚོས་སྤྲོ་དགའ་ཆེན་པོས་ཕུལ།༢༠༡༦-༥-༥
prednisolone 20 mg posologie waltersgarage.com prednisolone 20 mg posologie
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
11406285
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།