ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་དང་འབྲེལ་ནས་གནའ་དེང་དམ་པ་དག་གི་བཀའ་དྲིན་དྲན་པ།

༄༅།། ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྟོན་དང་འབྲེལ་ནས་གནའ་དེང་དམ་པ་དག་གི་བཀའ་དྲིན་དྲན་པ།

 

གྱེར་ཚིག བཛྲ་ཚུལ་ཁྲིམས་རྒྱ་མཚོ།

གྱེར་འདོན་པ། བཛྲ་འོད་ཟེར། གྱི་ལིང་འཇིགས་མེད།

    ཨེ་མ། ཇི་འདྲའི་དགའ་བ་ལ་ཨང་།

    དེ་རིང་ནི་སློབ་གསོ་ལ་ལྷག་བསམ་དཀར་ཞིང་། རང་རིགས་ལ་དགའ་ཞེན་ཆེ་བའི་བོད་མིའི་དཔུང་སྡེ་ཞིག་གིས་ལོ་ངོ་ཉི་ཤུ་ལྷག་གི་ཡུན་ལ་འབད་འབུངས་བྱས་པའི་འབྲས་རྟགས་ཤིག་དགའ་སྟོན་གྱི་རྣམ་པར་འཕོས་པ་སྟེ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་དྲུག་པའི་འཁྲུངས་སྟོན་གྱི་ཉིན་མོ་རེད།


    དགའ་སྟོན་གྱི་ཉིན་མོར་དགའ་འོས་པ་ནི་སྨོས་མ་དགོས་མོད། འོན་ཀྱང་དགའ་བ་འདི་ཇི་ལྟར་བྱུང་བ་དང་། དགའ་སྟོན་གྱི་ཉིན་མོར་སུ་ཞིག་ཡིད་ལ་དྲན་དགོས་པ་ཤེས་སམ། རང་ཅག་གི་དགའ་སྟོན་དུ་ཡོད་པའི་ཤེས་རིག་གི་ནོར་བུ་འདི་སུ་ཞིག་གིས་གནང་བ་ཤེས་སམ།

 

    མཐའ་ན་གངས་རི་ཇི་ལྟར་དཀར་ཡང་རུང་། མཁའ་ལ་ཉི་འོད་ཇི་ལྟར་གསལ་ཡང་ཆོག སྤང་ལ་མེ་ཏོག་ཇི་ཙམ་མཛེས་ཀྱང་རུང་། ས་འོག་ན་གཏེར་ཁ་ཇི་ཙམ་མོད་ཀྱང་ཆོག གལ་ཏེ་ཤེས་རིག་གི་ནོར་བུ་འདི་མེད་ན། ང་ཚོའི་ཁོར་ཡུག་འདི་མུན་ནག་དང་། བློ་མིག་འདི་ལོང་བ་ཡིན་ལ། བག་ཡོད་ཀྱི་རྒྱན་གོས་དང་བྲལ་བས་མི་སྡུག་པའི་གཅེར་གཟུགས་དང་། ཤེས་རིག་གི་ཁྱད་ནོར་དང་བྲལ་བས་རྨོངས་རྟུལ་དང་དབུལ་བོ་ཡིན་པ་སུ་ལ་གསང་།

    

    དེས་ན་དགའ་སྟོན་གྱི་ཉིན་མོ་འདི་དང་འབྲེལ་ནས་རང་ཅག་ལ་ཤེས་རིག་གི་ནོར་བུ་སྩོལ་མཁན། རྨོངས་སེལ་གྱི་ཉི་འོད་འདྲེན་མཁན་དེ་དག་གི་བཀའ་དྲིན་ཡིད་ལ་དྲན་པར་བྱེད་རྒྱུ་ནི་སྤྱིར་བསིལ་ལྡན་ཁ་བ་རི་བའི་བོད་མི་ཡོངས་དང་། ལྷག་པར་དུ་རང་རེའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ལས་བཟོ་བ་ཡོངས་ཀྱི་འོས་འགན་ཞིག་ཏུ་འཛིན་རུང་བར་སེམས་སོ།།


    རེད་ལགས། གལ་ཏེ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་བཙན་སྒམ་པོ་དང་། རྗེ་བཙུན་འཇམ་དཔལ་དབྱངས་དངོས་མི་ཡི་རྣམ་རོལ་སློབ་དཔོན་ཐོན་མི་གཉིས་ཀྱི་བཀའ་དྲིན་མིན་ན། བོད་མུན་ནག་གི་ཞིང་ཁམས་ཞེས་པའི་མིང་ངན་དེ་སུ་ཡིས་བསྒྱུར། བོད་ཡི་དྭགས་ཀྱི་རྒྱལ་ཁམས་ཞེས་པའི་ངན་མཚང་དེ་ཇི་ལྟར་སེལ། ཁྱེད་རྣམ་གཉིས་ཀྱི་བཀའ་དྲིན་ལས་ཀ་ཁ་སུམ་ཅུའི་སྦྱོར་ཀློག་གི་རིག་འཕྲུལ་ཐོག་མར་བྱུང་ཞིང་། སྤྱན་རས་གཟིགས་མདོ་རྒྱུད་ཉེར་གཅིག་སོགས་དམ་པ་ལྷ་ཆོས་ཀྱི་འོད་སྣང་ཐོག་མར་འཕྲོས་པ་དང་མཉམ་དུ། རྨོངས་མུན་རང་ཡལ་དུ་སོང་། མཚང་ངན་གཏན་བྲལ་དུ་གྱུར། མིང་ངན་སྟོང་དབྱིངས་སུ་ཟད། དེ་ནས་བཟུང་གདོང་དམར་བོད་པ་ཚང་ལ། གནས་ལུགས་གསལ་བའི་སྒྲོན་མེ་དང་། བླང་དོར་སྟོན་པའི་སྟོན་པ་ཡོད་པར་གྱུར་བ་ཡིན་ལ། ཆོས་རིག་སྲིད་གསུམ་གྱི་གཏེར་སྒོ་ཡང་དེ་ནས་བཟུང་རང་བརྡོལ་དུ་སོང་བ་ཡིན་པས། ངས་དེ་རིང་ཁྱེད་རྣམ་གཉིས་ཀྱི་བཀའ་དྲིན་སྙིང་ནས་དྲན་པས། ལག་ཟུང་ཐལ་མོ་སྦྱར་ནས་དད་གུས་ཚད་མེད་ཀྱིས་བཀའ་དྲིན་ཞུ་ལགས།

   

    དེ་ལྟ་ལགས་ན་ཡང་། གལ་ཏེ་དེ་ཉིད་རྒྱུན་འཛིན་དང་དར་སྤེལ་གནང་བའི་ཆོས་རྒྱལ་ལོ་པཎ་རིམ་བྱོན་གྱི་མཛད་རྗེས་མེད་ན། ངོ་མཚར་བའི་ཤེས་རིག་གི་ནོར་བུ་འདི་ང་ཚོ་ཕྱི་རབས་པའི་ལོངས་སྤྱོད་དུ་ག་ལ་འགྱུར།

གལ་ཏེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་བསྐྱེད་དང་། སློབ་དཔོན་པད་མ་འབྱུང་གནས་ཀྱི་རྫུ་འཕྲུལ། མཁན་ཆེན་ཞི་བ་འཚོའི་སྐུ་ཡོན་དང་། བསམ་ཡས་སྒྲ་སྒྱུར་གླིང་གི་ཁོར་ཡུག་དང་། སྐ་ཅོག་ཞང་གསུམ་སོགས་ལོ་པཎ་རིམ་བྱོན་གྱི་ལྷག་བསམ་དང་རྣམ་དཔྱོད་མེད་ན། འཛམ་གླིང་ཤེས་རིག་གི་བང་མཛོད་ན་འོད་སྟོང་མངོན་པར་འཚེར་བའི་བོད་ཀྱི་བཀའ་བསྟན་ཞེས་པའི་བསླབ་བྱ་ངོ་མཚར་བ་འདི་ཇི་ལྟར་འབྱུང་། དེས་ན་དེ་རིང་ངས་ཁྱེད་ཅག་རྣམས་ལའང་ལག་ཟུང་ཐལ་མོ་སྦྱར་ནས་དད་གུས་ཚད་མེད་ཀྱིས་བཀའ་དྲིན་ཡང་ཡང་ཞུ་ལགས།

     

    གལ་ཏེ་བོད་ཀྱི་མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་སྨད་ནས་མ་གསོས་ན་སྨད་རྒྱུད་འདུལ་བའི་བསྟན་པ་ཇི་ལྟར་དར། གལ་ཏེ་ཆོས་འདུལ་བའི་ལག་ལེན་གཙང་མ་དང་དགེ་འདུན་པའི་སྡེ་མེད་ན་སངས་རྒྱས་བསྟན་པ་འདི་གནས་པར་གང་ལས་འཇོག ཁྱེད་ཅག་གིས་མྱོང་བའི་སྐུ་ཚེགས་དང་། ཁྱེད་ཅག་བཞུགས་སའི་སྒྲུབ་ཕུག་སོགས་ལ་མཇལ་དུས་ང་མིག་ཆུ་འཐོར་བ་ཐེངས་གཅིག་མིན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞེས་པ་ནི་ངོ་མ་ཇི་འདྲའི་ཡ་མཚན་པ་ཞིག་ལ་ཨང་།

 

    གལ་ཏེ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཆེན་པོའི་བསྟན་འགྲོའི་དོན་དུ་སྡིག་པ་རྭ་ཙའི་བཙོན་དོང་དུ་སྐུ་སྲོག་བཏང་བ་མིན་ན། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་མཐུ་དཔལ་མིན་ན། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་སོགས་ཀྱི་ཚ་གྲང་ངལ་དུབ་དང་འཇིགས་པའི་ལམ་འཕྲང་གི་དཀའ་བ་སོགས་ཁྱད་དུ་བསད་པ་མིན་ན། མཉམ་མེད་ཇོ་བོ་ཆེན་པོ་གངས་རིའི་ལྗོངས་འདིར་ཕེབས་པར་ག་ལ་འགྱུར། བོད་ཀྱི་གདུལ་བྱ་རྣམས་ཀྱིས་ཀྱང་རྒྱ་གར་དང་མཚུངས་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མ་ནོར་བ་ཞིག་ཉམས་སུ་ལེན་ཚུལ་འདི་ཇི་ལྟར་ཤེས། དེའི་ཕྱིར་ངས་ཁྱེད་རྣམས་ཀྱི་རྣམ་ཐར་མཇལ་དུས། ཁྱེད་རྣམས་ཀྱི་མཛད་རྗེས་གཞན་ལ་གླེང་དུས་སོགས་གང་གི་ཚེ་ཡང་ངའི་མིག་ཆུ་དབང་མེད་དུ་འཐོར་བ་ལན་གཅིག་མིན། གལ་ཏེ་ཁྱེད་རྣམས་ཀྱི་བཀའ་དྲིན་མིན་ན། ཆེ་བ་བཞི་ལྡན་གྱི་ལམ་སྒྲོན་ལ་ཐོས་བསམ་བྱེད་པའི་སྐལ་བ་གང་ལས་འབྱུང་། དེའི་ཕྱིར། དེ་རིང་ངས་ཁྱེད་ཅག་ལ་ལག་ཟུང་ཐལ་མོ་སྦྱར་ནས་དད་གུས་ཚད་མེད་ཀྱིས་བཀའ་དྲིན་ཡང་ཡང་ཞུ་ལགས།

     

    ཡང་གལ་ཏེ་ས་དགེ་རྙིང་གསུམ་དང་། ཇོ་འབྲུག་ཀར་གསུམ་སོགས་གྲུབ་མཐའ་རིས་མེད་ཀྱི་སྔོན་བྱོན་མཁས་གྲུབ་དེ་དག་གིས་གདུལ་བྱའི་མོས་བློ་དང་བསྟུན་ནས་འཆད་རྩོད་རྩོམ་གསུམ་དང་། དགག་བཞག་སྤོང་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་འཛིན་སྐྱོང་སྤེལ་གསུམ་གནང་བ་མིན་ན། བསིལ་ལྡན་བོད་ཀྱི་ཞིང་ཁམས་འདི། གླིང་ཆེན་བདུན་གྱི་སྐྱེ་བོ་དག་གི་སྨོན་ཡུལ་དུ་ཇི་ལྟར་འགྱུར། ཞི་བདེ་རྒྱ་མཚོའི་ཕར་འགྲམ་ནས་ཀྱང་ཚན་རིག་པ་དང་གཟུར་གནས་མཁས་པ་དག་གིས་བོད་ཅེས་པའི་མིང་གི་བཟླས་བརྗོད་ལ་འབད་པ་འདི་ཇི་ལྟར་འབྱུང་། དེས་ན་དེ་རིང་ངས་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་དེ་དག་ལའང་ལག་ཟུང་ཐལ་མོ་སྦྱར་ནས་དད་གུས་ཚད་མེད་ཀྱིས་བཀའ་དྲིན་ཡང་ཡང་ཞུ་ལགས།

   

    མདོར་ན་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་གདོང་དམར་བོད་པ་ཚང་གི་ཤེས་རིག་བླ་ན་མེད་པ། གཞན་སུ་ལའང་ངོ་གནོང་མི་དགོས་པ་འདི་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་མཛད་རྗེས་བླ་མེད་བཞག་པའི་བན་བོན་གྱི་གཟུར་གནས་མཁས་གྲུབ་ཡོངས་ལའང་སྙིང་ནས་བཀའ་དྲིན་ཞུ་ལགས།

       

    ཁྱད་པར་དུ་ལྷག་བསམ་གངས་རི་ལས་དཀར་ཞིང་། སྙིང་སྟོབས་གངས་སེང་ལས་ཆེ་བའི་དེང་རབས་བོད་ཀྱི་སློབ་གསོ་བ་ཆེན་པོ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱེད་པོ། བདག་གི་ཆོས་གྲོགས་དམ་པ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་བཀའ་དྲིན་སྙིང་ནས་ཞུའོ།། གལ་ཏེ་ཁྱེད་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་མིན་ན། ཨ་རིག་དགེ་བཤེས་ཆེན་མོའི་གདན་ས། ཤིང་བཟའ་པཎྚི་ཏ་མཆོག་གིས་འཛིན་སྐྱོང་མཛད་པའི་ཆོས་སྡེ་ཆེན་པོ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་ཉེ་འདབས། བརྗིད་ཆགས་ཁྱུང་མགོན་ལྷུན་པོའི་མདུན་རོལ། ཡ་བུག་འབྲུ་དྲུག་ཐང་ཞེས་པ་འདིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཞེས་བོད་མདོ་དབུས་ཁམས་གསུམ་གྱི་ན་གཞོན་ཁྲི་སྟོང་མང་བོས་ཤེས་རིག་གི་ནོར་བུ་ལེན་སའི་ཞིང་ཁམས་སུ་ཇི་ལྟར་འགྱུར། དེའི་ཕྱིར་ངས་དེ་རིང་ཆོས་གྲོགས་དམ་པ་ཁྱེད་ལའང་བཀའ་དྲིན་སྙིང་ནས་ཞུ་ཞིང་། སྐུ་ཚེ་རི་ལྟར་བརྟན་ཅིང་མཛད་འཕྲིན་ཡར་ཟླ་བཞིན་འཕེལ་བར་འགྱུར་བའི་སྨོན་ལམ་སྙིང་ནས་འདེབས་སོ།།

     

    དེ་དང་དུས་མཚུངས་སུ་སློབ་གླིང་འདིའི་འཕེལ་རྒྱས་ལ་བྱས་རྗེས་བླ་མེད་བཞག་དང་འཇོག་བཞིན་པའི་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་མཚོན་པའི་དགེ་སློབ་ལས་བཟོ་བ་ཡོངས་ལའང་བཀའ་དྲིན་སྙིང་ནས་ཞུའོ།། གཞན་ལ་མི་ལྟོས་པའི་ཚུགས་ཐུབ་ཏུ་གྲུབ་ཅིང་རང་བཞིན་གྱིས་གྲུབ་པའི་ཆོས་ནི་གཅིག་ཀྱང་མེད་པ་ལུང་རིགས་རྣམ་དག་གིས་འགྲུབ་ལ། ཕན་ཚུན་ལྟོས་གྲུབ་ཏུ་ཡོད་པའི་རྟེན་འབྱུང་གི་རང་བཞིན་དུ་ཡོད་པའང་ལུང་རིགས་ཀྱིས་འགྲུབ་པ་ལགས་ན། སློབ་གླིང་འདིའི་འཕེལ་རྒྱས་ཀྱང་རང་བཞིན་གྱིས་གྲུབ་པ་དང་རྟེན་འབྱུང་མ་ཡིན་པར་ག་ལ་འགྱུར། དེས་ན་སྔར་ཡང་ཐུན་མོང་གི་འབད་འབུངས་ལས་དེ་རིང་གི་གྲུབ་འབྲས་འདི་བྱུང་བ་ཡིན་ལ། མ་འོངས་པའི་འཕེལ་རྒྱས་ཀྱང་ཐུན་མོང་གི་འབད་འབུངས་ལ་རག་ལས་པ་སྨོས་མེད་དུ་འགྲུབ་པ་ལགས་པས། རང་གཞན་གཉིས་ཕན་གྱི་སློབ་གསོ་འདིའི་ཆེད་དུ། འདི་ཕྱི་གཉིས་བདེ་ཡི་ཚན་རིག་འདིའི་དོན་དུ། འཕྲལ་ཡུན་ཀུན་སྐྱིད་ཀྱི་བྱེད་ཐབས་འདིའི་ཆེད་དུ། ད་དུང་སྔར་བཞིན་སྙིང་སྟོབས་དང་འབད་པ་མི་ལྷོད་པར་ཞུ་བ་ཡང་ཡང་བྱེད་པ་ལགས་སོ།།


ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་མིང་འཛིན་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོས་སྐབས་ཉེར་དྲུག་པའི་སློབ་གྲྭའི་འཁྲུངས་སྟོན་དང་འབྲེལ་ཏེ་སྤྱི་ལོ་༢༠༢༠ལོའི་ཟླ་༡༡པའི་ཚེས་༡༢ལ་བྲིས་པ་དགེའོ།།

གསར་འགོད་པ། སྨར་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2020-11-21 ལྟ་ཀློག (2641)