༦ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


    སྒྲིབ་གཉིས་སྤངས་པའི་སངས་རྒྱས་དང་ཉོན་མོངས་སྤངས་པའི་དགྲ་བཅོམ་པའམ་ས་མཐོན་པོ་ལ་གནས་པའི་བྱང་སེམས་ལྟ་བུ་མ་ཡིན་པར་སྤྱིར་བཏང་གི་སྐྱེ་བོ་ཞིག་ཡིན་ན། ལེ་ལོ་དང་སྒྱིད་ལུག་གི་དབང་དུ་ཅུང་ཟད་རེ་འགྲོ་བའམ་དཀའ་ངལ་ལ་འཇིགས་པའི་བསམ་པ་ཅུང་ཟད་རེ་སྐྱེ་བ་དང་། ཟག་བཅས་ཀྱི་བདེ་བ་ལ་ཆགས་པ་དང་། བཟའ་བཏུང་ལ་སྲེད་པ་སྐྱེ་བ་ནི་ཆེས་གནས་ལུགས་དང་མཐུན་པ་ཞིག་ཡིན་པས། སྒྲུང་དེར་བཤད་པའི་ཐང་སན་བླ་མ་ཡང་དམ་པའི་ཆོས་ལ་ཞུགས་ཤིང་ཕུགས་བསམ་འཚོལ་བའི་སྤྱིར་བཏང་མ་ཡིན་པའི་སྤྱིར་བཏང་གི་གྲྭ་བཙུན་ཞིག་ཡིན་པའི་དབང་དུ་བཏང་ན། སྐྱོན་དེ་ལྟ་བུ་རེ་ཡོད་པ་ནི་ཆེས་ལུགས་དང་མཐུན་པ་ཞིག་ཡིན་ལ། དེ་ཉིད་མཚོན་བྱེད་དུ་ཕག་མགོ་ཅན་བཞེངས་བསྐྲུན་བྱས་པ་རེད། སྒྲུང་དེའི་ནང་དུ་ཡང་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་། དཀའ་སྤྱད་ལ་བཟོད་བསྲན་ཆེ་བའི་སུན་ཨུ་ཁུང་གིས་དུས་རྒྱུན་དུ་ཕག་མགོ་ཅན་ལ་གཤེ་གཤེ་གཏོང་བས། དེ་གཉིས་ནི་མི་ཞིག་གི་ནང་སེམས་ཀྱི་འགལ་ཟླར་གྱུར་བའི་སེམས་ཁམས་མི་འདྲ་གཉིས་ཀྱི་རྣམ་པ་ལྟར་རྟག་ཏུ་ཕན་ཚུན་གྱི་བར་རྩོད་པ་ཛ་དྲག་རེ་ལངས་ཀྱང་མཐར་སུན་ཨུ་ཁུང་རྒྱལ་བར་འགྱུར་བ་མཐོང་ངོ་།། དེས་ཅི་ཞིག་མཚོན་ཞེ་ན། ཐང་སན་བླ་མ་ལའང་རང་ཅག་ལྟར་ལེ་ལོ་དང་སྒྱུད་ལུག  ཟག་བཅས་ཀྱི་བདེ་བ་ལ་ཆགས་པ་སོགས་ཡོད་ཀྱང་། རང་ཅག་དང་མི་འདྲ་བ་ནི་ཁོང་ལ་དེ་དག་གི་མགོ་གནོན་ནུས་པའི་མཁྱེན་དཔྱོད་དང་སྙིང་སྟོབས། ཕུགས་བསམ་དང་ནུས་པ། དྲན་པ་དང་ཤེས་བཞིན་ཡོད་པས་དེ་དག་གི་དབང་དུ་འགྲོ་མ་བཅུག་པ་རེད། དེའི་ཕྱིར་ཁོང་གིས་རང་ཅག་ལས་ལྷག་པའི་རླབས་ཆེན་གྱི་བྱ་གཞག་འགྲུབ་སོང་བ་ཡིན་པས་རང་ཅག་གིས་ཀྱང་དེ་ལྟར་འབད་ན་ཁོང་ལྟར་སྤྱིར་བཏང་བའི་སྐྱེས་བུ་ལས་སྤྱིར་བཏང་བ་མ་ཡིན་པར་འགྱུར་ཐུབ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། 

བདག་གིས་བྱང་ཆུབ་ག་ལ་ཞེས། །

སྒྱིད་ལུག་པར་ནི་མི་བྱ་སྟེ། །

འདི་ལྟར་དེ་བཞིན་གཤེགས་པ་ནི། །

བདེན་པ་གསུང་བས་བདེན་འདི་གསུངས། །

སྦྲང་བུ་ཤ་སྦྲང་བུང་བ་དང༌། །

དེ་བཞིན་སྲིན་བུར་གང་གྱུར་པ། །

དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །

བྱང་ཆུབ་འཐོབ་དཀའ་བླ་མེད་འཐོབ། །

བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །

ཕན་དང་གནོད་པ་ངོ་ཤེས་ནས། །

བྱང་ཆུབ་སྤྱོད་པ་མ་བཏང་ན། །

བདག་གིས་བྱང་ཆུབ་ཅིས་མི་འཐོབ། །

ཅེས་གསུངས་པ་དང་། གཞན་ཡང་སྔོན་སངས་རྒྱས་ཏེ་འདས་པ་དང་ད་ལྟར་སངས་རྒྱས་ཏེ་བཞུགས་པ་དང་མ་འོངས་པ་ན་འཚང་རྒྱ་བ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཟིན་གཅིག་གིས་ལམ་བསྒྲུབས་པ་མིན་གྱི།  བདག་ཅག་འདྲ་བ་ཞིག་ཁོ་ན་ཡར་ལ་ཇེ་མཐོར་གཤེགས་ནས་སངས་རྒྱས་པ་དང་རྒྱ་བའོ་སྙམ་དུ་བསམས་ནས་ལམ་ལ་ཞུམ་པ་དགག་དགོས་པར་གསུངས་ཏེ། དཀོན་མཆོག་སྤྲིན་ལས།  བྱང་ཆུབ་སེམས་དཔས་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་དང༌།  གང་དག་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་དང་།  གང་དག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཀྱང༌།  ཚུལ་འདི་འདྲ་བ་དང་ལམ་འདི་འདྲ་བ་དང་བརྩོན་འགྲུས་འདི་འདྲ་བས་མངོན་པར་རྫོགས་པར་སངས་རྒྱས།  མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར།  ཞེས་བྱ་བ་ནས།  དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པར་གྱུར་པ་ཤ་སྟག་ལས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱི།  བདག་ཀྱང་ཅི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་སེམས་ཅན་ཐམས་ཅད་དང་ཐུན་མོང་གི་བརྩོན་འགྲུས་དང་སེམས་ཅན་ཐམས་ཅད་ལ་དམིགས་པའི་བརྩོན་འགྲུས་ཀྱིས་བདག་གིས་ཀྱང་དེ་ལྟ་དེ་ལྟར་བཙལ་ལོ་འབད་དོ། །ཞེས་སོགས་གསུངས་པ་དང་། གསུངས་པ་བཞིན་དོན་ལ་གནས་ཏེ། བཅོམ་ལྡན་འདས་བདེན་པ་དང་ཡང་དག་པ་གསུང་གི་བརྫུན་དང་ལོག་པ་མི་གསུང་བའི་ཚད་མའི་སྐྱེས་བུ་ཡིན་པའི་ཕྱིར་དང། བདེན་པར་གྲུབ་ན། དེས་སྦྲང་བུ་སོགས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་གསུངས་ན།  བདག་ནི་མིར་སྐྱེས་པས་རྟེན་བཟང་ལ།  བླང་དོར་ལ་དཔྱོད་པའི་བློའི་མཐུ་ཡོད་པས་བདག་གིས་བརྩོན་པ་མ་བཏང་ན་ཅིའི་ཕྱིར་མི་འཐོབ་སྙམ་དུ་སེམས་གཟེངས་བསྟོད་དགོས་ལ། དེ་ལྟར་གཟེངས་བསྟད་ནས་ལམ་བསྒྲུབ་ན་ངེས་པར་གང་འདོད་པའི་བསྒྲུབ་བྱ་མཐར་ཐུག་དེ་འགྲུབ་པར་འགྱུར་བ་ཡང་དག་པའི་གཏན་ཚིགས་ཀྱིས་ཀྱང་བསྒྲུབ་ནུས་པའི་ཕྱིར་རོ།།

          ཡང་གལ་ཏེ་ཐང་སན་བླ་མ་དེ་བསྟན་འགྲོའི་དོན་བསྒྲུབ་པའི་བྱ་གཞག་འདི་བདག་གཅིག་བུ་ལ་བབ་པ་མ་ཡིན་ཏེ། བདག་ལས་གཞན་བསྟན་པ་ལ་ཞུགས་པའི་རབ་བྱུང་བ་ཤིན་ཏུ་མང་བས་སོ་སྙམ་དུ་རང་ཅག་ལྟར་བྱ་བ་སྒྲུབ་པའི་ཁུར་གཞན་ལ་འགེལ་མཁན་ཞིག་ཡིན་ན་ནི་རླབས་ཆེན་གྱི་བྱ་གཞག་དེ་ལྟ་བུ་ཞིག་བསྒྲུབས་ག་ལ་ནུས། ཁོང་ནི་བསྟན་འགྲོའི་ཁུར་ཐམས་ཅད་རང་ཉིད་གཅིག་བུས་འདེག་དགོས་ཀྱང་གཞན་སུ་ལའང་ལེ་ལན་དང་སྡུག་ཡུས་གང་ཡང་མི་བྱེད་པར་འདེག་གོ་སྙམ་པའི་སྙིང་སྟོབས་ཡོད་པ་དེ་མཚོན་བྱེད་དུ་ཐོད་པ་ཟླ་བ་དེ་བཞེངས་བསྐྲུན་བྱས་པ་ཡིན་ཏེ། སྒྲུང་དེར་བཤད་པའི་ཐོད་པ་ཟླ་བ་ནི་རང་བཞིན་དྲང་ཞིང་གཡོ་སྒྱུ་མེད་པ་དང་། ཁུར་འདི་ཐམས་ཅད་ང་གཅིག་བུས་འཁུར་དགོས་པ་ཅིའི་ཕྱིར་ཡིན། མཚམས་ལན་རེར་ཕག་མགོ་ཅན་གྱིས་འཁུར་ནའང་ཅིའི་ཕྱིར་མི་ཆོག   འདི་ལྟར་ལམ་གང་བོར་ང་གཅིག་བུ་ལ་འཁུར་དུ་བཅུག་པ་ནི་ངེས་པར་འདྲ་མཉམ་མ་ཡིན་ནོ་སྙམ་པའི་བསམ་བློ་སྐྱེས་མ་མྱོང་ལ་། དེ་ལྟ་བུའི་སྐད་ཆ་ཟུར་ཙམ་ཡང་བཤད་མ་མྱོང་བ་དེར་གོ་རྒྱུ་ཧ་ཅང་ཆེའོ།། དེར་མ་ཟད། ཐོད་པ་ཟླ་བ་དེ་དགེ་སྤུན་ནང་ཕན་ཚུན་བར་གྱི་མཐུན་སྒྲིལ་ལ་མཉམ་འཇོག་དང་སྲུང་སྐྱོབ་ནན་མོ་བྱེད་མཁན་ཞིག་ཡིན་ཏེ། ནམ་ཡིན་ཡང་སྤྲེལ་ཕག་གཉིས་མ་འཆམ་པར་རྩོད་པ་བྱུང་བ་དེའི་ཚེ་ན་ཁོས་བར་ནས་དབྱེན་བཟླུམས་བྱེད་ཅིང་མཐུན་པར་བཀོད་པ་དང་། ཐུན་མོང་གི་ནུས་སྟོབས་གཅིག་ཏུ་སྒྲིལ་ནས་ལམ་ལ་བར་ཆད་བྱེད་པའི་མི་མཐུན་ཕྱོགས་འདྲེ་གདོན་ལ་རྒོལ་བ་དང་། མཐར་ཐུག་གི་དམིགས་ཡུལ་དམ་པའི་ཆོས་ཡང་དག་པར་རྙེད་པའི་བྱ་གཞག་རླབས་ཆེན་འགྲུབ་པ་ལ་ནུས་པ་བཏོན་པའི་ཕྱིར་རོ།།
   
དེ་ལྟར་ནུབ་ཕྱོགས་མྱུལ་བའི་སྒྲུང་ལ་ལྟ་མཁན་མང་མོད་ལྟ་ཤེས་མཁན་ཧ་ཅང་ཉུང་ལ། བདག་གིས་ཆུང་དུས་དཔེ་ཆར་བྲིས་པའི་བྱིས་པ་ངོ་མཚར་སྐྱེད་པའི་ལྷ་སྒྲུང་དང་སྤྲུལ་སྒྱུར་སོགས་ཀྱི་ལྟད་མོ་ཙམ་ལས་ཅང་མ་ཤེས། དེ་ནས་ལོ་དང་བློ་ཁ་གཉིས་ཀ་ཅུང་རྒྱས་པ་ན་ལྟད་མོ་ཙམ་གྱིས་མི་ཚད་པར་མི་ཚེའི་གནས་ལུགས་མང་བོ་ཞིག་གོ་རྒྱུ་ཡོད་པའང་ཅུང་ཟད་རེ་གོ་བྱུང་བ་ལྟར་བྲིས་པ་ཡིན་ནོ།། སྤྱིར་དེ་ཙམ་དུ་མ་ཟད། ད་དུང་ཐང་སན་བླ་མའི་འཁོར་བུ་སློབ་གསུམ་གྱི་མིང་འདོགས་སྟངས་ལས་ཀྱང་མི་ཚེའི་བརྒྱུད་རིམ་དུ་བྱུང་བའི་བློ་དང་རྟོགས་པའི་ཚད་ཇེ་མཐོར་འགྲོ་ཚུལ་གྱི་རིམ་པ་གསུམ་དང་སྦྱར་ནས་བཤད་འདུག་པ་ནི། དཔེར་ན། དགེ་ཕྲུག་གསུམ་པ་ཐོད་པ་ཟླ་བའི་མིང་ལ་རྣམ་དག་རྟོགས(悟净)དང་། གཉིས་པ་ཕག་མགོ་ཅན་གྱི་མིང་ལ་མཐུ་རྟོགས་(悟能)དང་། ཆེ་བ་སྤྲེལ་མགོ་ཅན་གྱི་མིང་ལ་སྟོང་ཉིད་རྟོགས་(悟空)ཞེས་པ་ལྟ་བུ་སྟེ། འདིའི་སྐོར་ལའང་བཤད་པར་བྱ་བ་ཤིན་ཏུ་མང་ཡང་མང་བས་འཇིགས་ནས་དེ་ཙམ་གྱིས་ཆོག་པར་བྱས་སོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2022-05-06 ལྟ་ཀློག (1310)