༢༠༡༦ལོའི་ཤེས་རིག་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ།

 

༢༠༡༦ལོའི་ཤེས་རིག་གླིང་གི་སློབ་མ་གསར་བསྡུའི་གནས་ཚུལ། 

    ད་ལོར་ཡང་ལོ་རེའི་འཆར་ཅན་ལྟར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཞུགས་འདོད་ཧ་ཅང་ཆེ་བའི་བོད་མདོ་དབུས་ཁམས་གསུམ་གཙོས་ཕྱོགས་སོ་སོ་ནས་ཐོན་པའི་སློབ་མ་རྣམས་བསྡུ་བའི་སྟ་གོན་བྱས་ཤིང་། མིང་ཐོ་འགོད་མཁན་སློབ་མ་༡༣༠༠ལྷག་ཡོད་འདུག   དངོས་སུ་རྒྱུགས་ལ་ཞུགས་མཁན་སློབ་མ་༧༦༦ཡོད་ཅིང་།   དེའི་ནང་དུ་རྒྱུགས་ཞུགས་སློབ་མ་༣༥༣ལྷག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ད་ལོའི་གསར་ཞུགས་སློབ་མར་དངོས་སུ་ཚུད་ཐུབ་པ་བྱུང་།  དེ་ཡང་ཚེས་༥ནས་༦ བར་དགེ་རྒན་དང་ལས་བཟོ་བ་རྣམས་ཀྱིས་ཕྱོགས་སོ་སོ་ནས་ཕེབས་པའི་གསར་ཞུགས་སློབ་མ་རྣམས་ཀྱི་མིང་ཐོ་བཀོད་པ་དང་།  ཚེས་༨ཉིན་དངོས་སུ་ཡིག་རྒྱུགས་བླངས་ཏེ་ཚེས་༩ཉིན་རྒྱུགས་ཞུགས་སློབ་མ་སོ་སོའི་རྒྱུགས་སྐར་དྲིལ་སྒྲོག་དང་།   སློབ་གྲྭར་དངོས་སུ་ཚུད་ཐུབ་པ་རྣམས་འཛིན་གྲྭ་སོ་སོར་བགོས།     ལྷག་དོན་སློབ་གཙོ་དམ་པ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་རྒྱུགས་མ་བླངས་པའི་སྔོན་དུ་ཁྱིམ་བདག་དང་གསར་འབྱོར་སློབ་མ་ཡོངས་ལ་གསུང་བཤད་གལ་ཆེན་གནང་ཞིང་།  དེ་ཡང་སློབ་དཔོན་ཁོང་གིས་སློབ་སྦྱོང་གི་དམིགས་ཡུལ་ནི་གཞུང་གི་ལས་བྱེད་ཙམ་བསམ་པ་ཡིན་ན་ཁྱེད་རྣམས་སློབ་གྲྭ་འདིར་སླེབས་པ་ནོར་འདུག་པས།  ད་ཐེངས་རྒྱུགས་ལ་མ་ཞུགས་ན་བཟང་ཚུལ་སོགས་ཐོན་མིའི་སློབ་གསོའི་ཁ་ཕྱོགས་ལས་འཕྲོས་པའི་བཀའ་སློབ་ཡིད་འཁུལ་བ་གནང་བའོ།།

ཕྱོགས་སོ་སོ་ནས་ཐོན་པའི་གསར་ཞུགས་སློབ་མ་རྣམས་ལ་མིང་ཐོ་འགོད་བཞིན་པ། 


 སློབ་གླིང་དུ་ཞུགས་འདོད་ཆེ་བའི་ད་ལོའི་གསར་འབྱོར་སློབ་མ་ཡོངས། 


སློབ་གཙོ་འཇིགས་མེད་རྒྱལ་མཚན་མཆོག་གིས་གསར་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ལ་བཀའ་སློབ་གནང་བཞིན་པ། 


རྒྱུགས་རའི་ཡུལ་དངོས། 


དགེ་རྒན་རྣམ་པས་གསར་ཞུགས་སློབ་མའི་རྒྱུགས་སྐར་སྤྱི་བསྡོམས་གནང་བཞིན་པ།




རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-09-09 ལྟ་ཀློག (13169)