ཁྱེད་ཀྱིས་འོས་ཤོག་འཕེན་རོགས། འོས་ཤོག་གཅིག་གིས་རིག་གནས་ཤིག་སྐྱོབ་ཐུབ།

༄༅། །བོད་ཀྱི་ཡིག་གཟུགས་ལ་ལྷག་བསམ་དུང་ལས་དཀར་བའི་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་འཕྲིན་ཡིད་ཀྱི་མེ་ཏོག

      བོད་ཀྱི་ཡིག་གཟུགས་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བྲི་ཚུལ་སྣ་མང་ཅན།  མཛེས་ཉམས་ཕུལ་དུ་བྱུང་ཞིང་སྤྱོད་སྒོ་ཆེ་བ་སོགས་མི་རིགས་གཞན་གྱི་ཡིག་གཟུགས་རིག་གནས་ཁྲོད་མཐོང་དཀའ་བའི་རིག་གནས་ཤིག་ཡིན་པས།  ང་ཚོས་རྨད་དུ་བྱུང་བའི་སྲོལ་རྒྱུན་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་སྔར་ལས་ལྷག་པའི་རྒྱུན་འཛིན་དང་དར་སྤེལ་བྱ་ཆེད། སྤྱི་ཚོགས་ཀྱི་སློབ་གྲྭ་དང་དགོན་སྡེ་སོ་སོ། དེ་མིན་ཡིག་གཟུགས་ལ་དགའ་མོས་ཡོད་པ་དག་ལ་ཁ་གཏད་དེ་བོད་ཀྱི་ཡིག་གཟུགས་ཀྱི་འགྲན་བསྡུར་དང་། འགྲེམ་སྟོན།  ཚོང་རར་འགྲེམ་པ་སོགས་ཡོངས་ཁྱབ་རང་བཞིན་ཅན་གྱི་དུས་ཆེན་གྱི་ཉི་མ་ཞིག་གཏན་འབེབ་བྱ་རྩིས་ཡོད་ཐོག  སྔར་༢༠༡༥ལོའི་ཟླ་༥བའི་ཚེས་༩ ཉིན་བོད་ཀྱི་"ཡིག་གཟུགས་སྒྱུ་རྩལ་འཕྲིན་སྟེགས་"ཀྱིས་ལེགས་པའི་སྣ་འདྲེན་གྱི་ཚུལ་དུ་དུས་ཆེན་གྱི་མིང་འདོགས་དང་ཟླ་ཚེས་སྐོར་ལ་འདེམས་ཤོག་འཕངས་པའི་དྲ་ཐོག་བྱ་འགུལ་ཐེངས་ཤིག་སྤེལ་མྱོང་བ་དང་།  དུས་མཚུངས་སུ་བཙན་པོ་མགར་གྱི་དྲ་བ། གཞོན་གསར་དྲ་བ། བོད་ཀྱི་ཡིག་གཟུགས་དྲ་བ། མཚོ་སྔོན་པོ་དྲ་བ་བཅས་ཀྱིས་བརྒྱུད་སྒྲོག་གི་རམ་འདེགས་བླ་མེད་གནང་བྱུང་བས་རབས་དང་བོའི་འོས་འདེམས་བྱ་འགུལ་ལེགས་གྲུབ་བྱུང་།    

    ༢༠༡༥ལོའི་ཟླ་༨པའི་ཚེས་༢ ཉིན་བོད་ཀྱི་ཡིག་གཟུགས་མཁས་པ་དགེ་མང་འཇམ་དཔལ་གྱི་སྣེ་ཁྲིད་འོག་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁས་དབང་མི་སྣ་བཅུ་བཞི་ལས་གྲུབ་པའི་"དུས་ཆེན་གྲ་སྒྲིག་ཚན་ཆུང་"དངོས་སུ་བཙུགས་ཏེ་དུས་ཆེན་འཛུགས་པའི་དམིགས་ཡུལ་དང་ཁ་ཕྱོགས།  ལས་ཀ་བཅས་ལ་གྲོས་ཞིབ་ནན་མོ་བགྱིས་མཐར།   མཚན་འཛིན་ཚོགས་གཙོ་དང་ཚོགས་གཙོ་རྒན་གཞོན། དྲུང་ཡིག་༼འདི་གཉིས་གནས་སྐབས་སུ་གདམས་པ་ཡིན།༽བཅས་གདམས་ཐོན་བྱུང་བས་རབས་གཉིས་པའི་ལས་ཀ་བདེ་བླག་ངང་གྲུབ།    ད་ཐེངས་ངེད་"ཡིག་གཟུགས་དུས་ཆེན་གྲ་སྒྲིག་ཚན་ཆུང་"གིས་ཡང་བསྐྱར་"ཡིག་གཟུགས་དུས་ཆེན་"གྱི་འོས་བསྡུའི་གསལ་བརྡ་བཏང་སྟེ།  ཐེངས་འདིའི་འོས་ཤོག་དང་ཐེངས་སྔོན་མའི་འོས་ཤོག་སྔ་ཕྱི་གཉིས་སྤྱི་ཟླ་༤བའི་ཟླ་མཇུག་ཏུ་ཕྱོགས་བསྡོམས་བྱས་ནས་ཆེས་གཏིང་མའི་ཐག་གཅོད་བྱེད་པར་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་པ་དང་།   དེ་མིན་ཆེད་མཁས་མི་སྣ་མང་བོ་གདན་ཞུས་ཐོག་ཆེད་དམིགས་ཚོགས་འདུ་སྐོང་འཚོགས་ཀྱིས་ཚོགས་ཐོག་ནས་མང་གཙོའི་འགྲོ་ཕྱོགས་ལྟར་གཏན་འབེབ་བྱེད་རྒྱུ་ཡིན།

       

ཐེངས་འདིའི་འདེམས་ཤོག་འཕེན་སྟངས།

ཐེངས་འདིའི་འདེམས་ཤོག་ནི་སྔ་མ་ནང་བཞིན་ཡིག་གཟུགས་དུས་ཆེན་གྱི་མིང་འདོགས་དང་ཟླ་ཚེས་ལ་གཤམ་གྱི་གདམ་བྱ་ཁག་ནས་རྐྱང་འདེམས་གནང་རྒྱུ། 

དང་བོ།     ཡིག་གཟུགས་དུས་ཆེན་གྱི་མིང་། ༡ བོད་ཀྱི་ཡིག་གཟུགས་དུས་ཆེན། ༢ སམ་བྷོ་ཊའི་ཡིག་གཟུགས་དུས་ཆེན། ༣ ཐོན་མིའི་མཛུབ་རིས་དུས་ཆེན།  

གཉིས་པ།   ཡིག་གཟུགས་དུས་ཆེན་གྱི་ཟླ་ཚེས། ༡  དབྱངས་གསལ་སོ་བཞི་ལྟར་ན་སྤྱི་ཟླ་༤/༣༠༢  ཐོན་མིའི་འཁྲུངས་ལོ་ལྟར་ན་སྤྱི་ཟླ་༦/༡༨༣  མཛངས་མི་བཞི་བ་ལྟར་ན་སྤྱི་ཟླ་༧/༤

བོད་ཀྱི་ཡིག་གཟུགས་དུས་ཆེན་གྲ་སྒྲིག་ཚན་ཆུང་གི་ཚོགས་མི།

(དབུས།)  རྡོ་དགོན་གསང་བདག་རྡོ་རྗེ།  བསྟན་འཛིན།   སྤེན་ནོར།  ཚལ་པ་བསམ་གྲུབ།

(ཁམས།)  འདན་མ་བཀྲ་དགའ། བཀྲ་ཤིས་དོན་གྲུབ།  ཆུང་ལྷ།

(ཨ་མདོ།)  དོན་གྲུབ་ཚེ་རིང་།  རྡོར་བྷ།  སྐལ་བཟང་ཡེ་ཤེས།  པད་དཀར་འབངས།  ཤེས་རབ་རྒྱ་མཚོ། ཟུར་གཙང་གཡང་འབུམ། དགེ་མང་འཇམ་དཔལ།

འོས་ཤོག་༢༠༡༦ལོའི་སྤྱི་ཟླ་༤བའི་ཚེས་༣༠ཉིན་ནས་བསྡུ་མཚམས་འཇོག་རྒྱུ་ཡིན།

༢༠༡༦ལོའི་སྤྱི་ཟླ་༤ཚེས་༡༣ཉིན་ཕུལ།



རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-04-13 ལྟ་ཀློག (5082)